༄༅། །རྒྱ་གར་སྐད་དུ། ཨ་བྷི་དྷརྨ་ཀོ་ཥཱ་ཀཱ་རི་ཀཱ། བོད་སྐད་དུ། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། ། གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་། ། འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ། ། དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ་ནས། ། ཆོས་མངོན་མཛོད་ཀྱི་བསྟན་བཅོས་རབ་བཤད་བྱ། ། ཆོས་མངོན་ཤེས་རབ་དྲི་མེད་རྗེས་འབྲང་བཅས། ། དེ་ཐོབ་བྱ་ཕྱིར་གང་དང་བསྟན་བཅོས་གང་། ། འདིར་དེའི་དོན་དུ་ཡང་དག་ཆུང་ཕྱིར་རམ། ། འདི་ཡི་གནས་དེ་ཡིན་པས་ཆོས་མངོན་མཛོད། ། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། ། གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། ། ཉོན་མོངས་པས་ཀྱང་འཇིག་རྟེན་སྲིད་མཚོ་འདིར་འཁྱམས་ཏེ། ། དེ་བས་དེ་ཕྱིར་འདི་ནི་སྟོན་པས་གསུངས་སོ་ལོ། ། ཟག་བཅས་ཟག་པ་མེད་ཆོས་རྣམས། ། ལམ་མ་གཏོགས་པའི་འདུས་བྱས་རྣམས། ། ཟག་བཅས་གང་ཕྱིར་དེ་དག་ལ། ། ཟག་རྣམས་ཀུན་ཏུ་རྒྱས་པར་འགྱུར། ། ཟག་མེད་ལམ་གྱི་བདེན་པ་དང་། ། འདུས་མ་བྱས་རྣམ་གསུམ་ཡང་སྟེ། ། ནམ་མཁའ་དང་ནི་འགོག་པ་གཉིས། ། དེ་ལ་ནམ་མཁའ་མི་སྒྲིབ་པའོ། ། སོ་སོར་བརྟགས་པས་འགོག་པ་གང་། ། བྲལ་བའོ་སོ་སོ་སོ་སོ་ཡིན། ། སྐྱེ་ལ་གཏན་དུ་གེགས་བྱེད་པ། ། འགོག་གཞན་སོ་སོར་བརྟགས་མིན་པས། ། འདུས་བྱས་ཆོས་རྣམས་དེ་དག་ཀྱང་། ། གཟུགས་ལ་སོགས་པའི་ཕུང་པོ་ལྔ། ། དེ་དག་ཉིད་དུས་གཏམ་གཞི་དང་། ། ངེས་པར་འབྱུང་བཅས་གཞི་དང་བཅས། ། གང་དག་ཟག་བཅས་ཉེར་ལེན་པའི། ། ཕུང་པོའང་དེ་དག་འཐབ་བཅས་ཀྱང་། ། སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང་། ། ལྟ་གནས་སྲིད་པའང་དེ་དག་ཡིན། ། གཟུགས་ནི་དབང་པོ་ལྔ་དང་དོན། ། ལྔ་དང་རྣམ་རིག་བྱེད་མིན་ཉིད། ། དེ་དག་རྣམས་ཀྱི་རྣམ་ཤེས་རྟེན། ། མིག་ལ་སོགས་གཟུགས་དྭང་བ་རྣམས། ། གཟུགས་རྣམ་གཉིས་དང་རྣམ་ཉི་ཤུ། ། སྒྲ་ནི་རྣམ་པ་བརྒྱད་ཡོད་དེ། ། རོ་ནི་རྣམ་དྲུག་དྲི་རྣམ་བཞི། ། རེག་བྱ་བཅུ་གཅིག་བདག་ཉིད་དོ། ། གཡེངས་དང་སེམས་མེད་པ་ཡི་ཡང་། ། དགེ་དང་མི་དགེ་རྗེས་འབྲེལ་གང་། ། འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། ། དེ་ནི་རྣམ་རིག་བྱེད་མིན་བརྗོད། ། འབྱུང་བ་དག་ནི་ས་ཁམས་དང་། ། ཆུ་དང་མེ་དང་རླུང་ཁམས་རྣམས། ། འཛིན་པ་ལ་སོགས་ལས་སུ་གྲུབ། ། སྲ་གཤེར་དྲོ་ཉིད་གཡོ་བ་རྣམས། ། འཇིག་རྟེན་གྱི་ནི་ཐ་སྙད་དུ། ། ཁ་དོག་དབྱིབས་ལ་ས་ཞེས་བརྗོད། ། ཆུ་མེ་ཡང་ངོ་རླུང་ཚོགས་ཁམས། ། ཉིད་ཡིན་དེ་དང་འདྲ་བའང་ཡིན། ། དབང་དོན་དེ་དག་ཁོ་ན་ལ། ། སྐྱེ་མཆེད་དང་ནི་ཁམས་བཅུར་འདོད། ། ཚོར་བ་མྱོང་བའོ་འདུ་ཤེས་ནི། ། མཚན་མར་འཛིན་པའི་བདག་ཉིད་དོ། ། འདུ་བྱེད་ཕུང་པོ་བཞི་ལས་གཞན། ། དེ་གསུམ་རྣམ་རིག་བྱེད་མིན་དང་། ། འདུས་མ་བྱས་རྣམས་བཅས་པ་ནི། ། ཆོས་ཀྱི་སྐྱེ་མཆེད་ཁམས་ཞེས་བྱ། ། རྣམ་ཤེས་སོ་སོར་རྣམ་རིག་པ། ། ཡིད་ཀྱི་སྐྱེ་མཆེད་ཀྱང་དེ་ཡིན། ། ཁམས་བདུན་དག་ཏུའང་འདོད་པ་སྟེ། ། རྣམ་པར་ཤེས་པ་དྲུག་དང་ཡིད། ། དྲུག་པོ་འདས་མ་ཐག་པ་ཡི། ། རྣམ་ཤེས་གང་ཡིན་དེ་ཡིད་དོ། ། དྲུག་པའི་རྟེན་ནི་རབ་བསྒྲུབ་ཕྱིར། ། ཁམས་ནི་བཅོ་བརྒྱད་དག་ཏུ་འདོད། ། ཕུང་པོ་དང་ནི་སྐྱེ་མཆེད་དང་། ། ཁམས་གཅིག་གིས་ནི་ཐམས་ཅད་བསྡུས། ། རང་གི་ངོ་བོ་ཉིད་ཀྱིས་ཏེ། ། གཞན་གྱི་དངོས་དང་མི་ལྡན་ཕྱིར། ། མིག་ལ་སོགས་པ་གཉིས་མོད་ཀྱི། ། རིགས་དང་སྤྱོད་ཡུལ་རྣམ་པར་ཤེས། ། འདྲ་བའི་ཕྱིར་ན་ཁམས་གཅིག་ཉིད། ། མཛེས་བྱའི་ཕྱིར་ན་གཉིས་བྱུང་ངོ་། ། སྤུངས་དང་སྐྱེ་སྒོ་རིགས་ཀྱི་དོན། ། ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཡིན། ། རྨོངས་དབང་འདོད་རྣམ་གསུམ་གྱི་ཕྱིར། ། ཕུང་པོ་ལ་སོགས་གསུམ་བསྟན་ཏོ། ། རྩོད་པའི་རྩ་བར་གྱུར་པ་དང་། ། འཁོར་བའི་རྒྱུ་ཕྱིར་རིམ་རྒྱུའི་ཕྱིར། ། སེམས་བྱུང་རྣམས་ལས་ཚོར་བ་དང་། ། འདུ་ཤེས་ལོགས་ཤིག་ཕུང་པོར་བཞག ། ཕུང་པོར་དག་ཏུ་འདུས་མ་བྱས། ། དོན་དུ་མི་རུང་ཕྱིར་མ་བཤད། ། རིམ་ནི་རགས་དང་ཀུན་ཉོན་མོངས། ། སྣོད་སོགས་དོན་ཁམས་ཇི་བཞིན་ནོ། ། ད་ལྟའི་དོན་ཕྱིར་དང་པོ་ལྔ། ། འབྱུང་བ་ལས་གྱུར་དོན་ཕྱིར་བཞི། ། གཞན་མི་ཆེས་རིང་མྱུར་འཇུག་ཕྱིར། ། ཡང་ན་ཇི་ལྟར་གནས་བཞིན་རིམ། ། བྱེ་བྲག་དོན་དང་གཙོ་བོའི་ཕྱིར། ། ཆོས་མང་བ་དང་མཆོག་བསྡུས་ཕྱིར། ། གཅིག་ནི་གཟུགས་ཀྱི་སྐྱེ་མཆེད་དང་། ། གཅིག་ནི་ཆོས་ཞེས་བྱ་བར་བརྗོད། ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག ། གང་རྣམས་ཐུབ་པས་གསུངས་དེ་དག ། ཚིག་གམ་མིང་ཡིན་དེ་དག་ནི། ། གཟུགས་དང་འདུ་བྱེད་དག་ཏུ་འདུས། ། ཁ་ཅིག་བསྟན་བཅོས་ཚད་ཅེས་ཟེར། ། ཕུང་པོ་ལ་སོགས་གཏམ་རེ་ཡིན། ། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། ། ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། ། དེ་བཞིན་གཞན་ཡང་ཅི་རིགས་པར། ། ཕུང་པོ་སྐྱེ་མཆེད་ཁམས་རྣམས་ནི། ། རང་གི་མཚན་ཉིད་ལེགས་དཔྱད་དེ། ། ཇི་སྐད་བཤད་པར་བསྡུ་བར་བྱ། ། བུ་ག་ནམ་མཁའི་ཁམས་ཞེས་བྱ། ། སྣང་དང་མུན་པ་དག་ཡིན་ལོ། ། ཟག་དང་བཅས་པའི་རྣམ་ཤེས་ནི། ། རྣམ་ཤེས་ཁམས་ཡིན་སྐྱེ་བའི་རྟེན། ། བསྟན་ཡོད་འདིར་ནི་གཟུགས་གཅིག་པུ། ། ཐོགས་དང་བཅས་པ་གཟུགས་ཅན་བཅུ། ། ལུང་མ་བསྟན་བརྒྱད་དེ་དག་ཉིད། ། གཟུགས་སྒྲ་མ་གཏོགས་གཞན་རྣམ་གསུམ། ། འདོད་ཁམས་གཏོགས་པ་ཐམས་ཅད་དོ། ། གཟུགས་ཀྱི་ཁམས་ན་བཅུ་བཞིའོ། ། དྲི་དང་རོ་དང་སྣ་དང་ནི། ། ལྕེ་ཡི་རྣམ་ཤེས་ཁམས་མ་གཏོགས། ། གཟུགས་མེད་གཏོགས་པ་ཡིད་དང་ནི། ། ཆོས་དང་ཡིད་ཀྱི་རྣམ་ཤེས་ཁམས། ། དེ་གསུམ་ཟག་བཅས་ཟག་པ་མེད། ། ལྷག་མ་རྣམས་ནི་ཟག་བཅས་སོ། ། རྟོག་དང་དཔྱོད་དང་བཅས་པ་ནི། ། རྣམ་པར་ཤེས་པའི་ཁམས་ལྔ་ཡིན། ། ཐ་མ་གསུམ་ནི་རྣམ་གསུམ་མོ། ། ལྷག་མ་རྣམས་ནི་གཉིས་ཀ་སྤངས། ། ངེས་པར་རྟོག་དང་རྗེས་དྲན་པའི། ། རྣམ་པར་རྟོག་པས་རྣམ་མི་རྟོག ། དེ་དག་ཡིད་ཀྱི་ཤེས་རབ་གཡེང་། ། ཡིད་ཀྱི་དྲན་པ་ཐམས་ཅད་ཉིད། ། དམིགས་བཅས་སེམས་ཀྱི་ཁམས་བདུན་ནོ། ། ཆོས་ཀྱི་ཕྱེད་ཀྱང་མ་ཟིན་དགུ། ། བརྒྱད་པོ་དེ་དག་རྣམས་དང་སྒྲ། ། དགུ་པོ་གཞན་ནི་རྣམ་པ་གཉིས། ། རེག་བྱ་རྣམ་པ་གཉིས་ཡིན་ཏེ། ། ལྷག་མ་གཟུགས་ཅན་དགུ་པོ་ནི། ། འབྱུང་གྱུར་ཆོས་ཁམས་ཕྱོགས་གཅིག་ཀྱང་། ། གཟུགས་ཅན་བཅུ་ནི་བསགས་པའོ། ། གཅོད་བྱེད་གཅད་པར་བྱ་བ་ཉིད། ། ཕྱི་རོལ་གྱི་ནི་ཁམས་བཞི་ཡིན། ། དེ་བཞིན་བསྲེག་བྱ་འཇལ་བྱེད་པའོ། ། སྲེག་དང་གཞལ་ལ་མི་མཐུན་སྨྲ། ། རྣམ་པར་སྨིན་ལས་བྱུང་བ་དང་། ། རྒྱས་ལས་བྱུང་བ་ནང་གི་ལྔ། ། སྒྲ་ནི་རྣམ་སྨིན་ལས་སྐྱེས་མིན། ། རྒྱུ་མཐུན་ལས་བྱུང་རྣམ་སྨིན་སྐྱེས། ། ཐོགས་པ་མེད་བརྒྱད་གཞན་རྣམ་གསུམ། ། རྫས་དང་ལྡན་གཅིག་ཐ་མ་གསུམ། ། སྐད་ཅིག་མ་སྟེ་མིག་དང་ནི། ། རྣམ་ཤེས་ཁམས་དག་སོ་སོ་དང་། ། ལྷན་ཅིག་ཏུ་ཡང་ཐོབ་པ་ཡོད། ། ནང་གི་བཅུ་གཉིས་གཟུགས་ལ་སོགས། ། མ་གཏོགས་ཆོས་ཞེས་བྱ་བ་ནི། ། བརྟེན་པ་དང་བཅས་ལྷག་མ་ནི། ། དེ་དང་མཚུངས་པ་དག་ཀྱང་ཡིན། ། གང་ཞིག་རང་གི་ལས་མི་བྱེད། ། བཅུ་ནི་སྒོམ་པས་སྤང་བྱ་ཡིན། ། ལྔ་ཡང་ཐ་མ་གསུམ་རྣམ་གསུམ། ། ཉོན་མོངས་ཅན་མིན་མཐོང་སྤང་མིན། ། གཟུགས་མིན་དྲུག་པ་མིན་སྐྱེས་མིན། ། མིག་དང་ཆོས་ཀྱི་ཁམས་ཕྱོགས་ནི། ། ལྟ་བ་ཡིན་ཏེ་རྣམ་པ་བརྒྱད། ། རྣམ་ཤེས་ལྔ་དང་མཚུངས་སྐྱེས་བློ། ། ངེས་རྟོག་མེད་ཕྱིར་ལྟ་མ་ཡིན། ། མིག་གིས་གཟུགས་རྣམས་མཐོང་སྟེན་བཅས། ། དེ་ལ་བརྟེན་པའི་རྣམ་ཤེས་མིན། ། གང་ཕྱིར་བར་དུ་ཆོད་པ་ཡི། ། གཟུགས་ནི་མཐོང་བ་མིན་ཕྱིར་ལོ། ། མིག་ནི་གཉིས་ཀ་དག་གིས་ཀྱང་། ། མཐོང་སྟེ་གསལ་བར་མཐོང་ཕྱིར་རོ། ། མིག་དང་ཡིད་དང་རྣ་བ་ནི། ། ཡུལ་དང་མ་ཕྲད་གསུམ་གཞན་དུ། ། སྣ་ལ་སོགས་པ་གསུམ་གྱིས་ནི། ། ཡུལ་ནི་མཉམ་པ་འཛིན་པར་འདོད། ། ཐ་མའི་རྟེན་འདས་ལྔ་རྣམས་ཀྱི། ། དེ་དང་ལྷན་ཅིག་སྐྱེས་པའང་ཡིན། ། དེ་དག་གྱུར་པས་འགྱུར་ཉིད་ཕྱིར། ། རྟེན་ནི་མིག་ལ་སོགས་པ་ཡིན། ། དེ་ཕྱིར་ཐུན་མོང་མ་ཡིན་ཕྱིར། ། དེ་དག་གིས་ནི་རྣམ་ཤེས་བསྟན། ། ལུས་ལ་འོག་མའི་མིག་མ་ཡིན། ། མིག་གིས་གོང་མའི་གཟུགས་མ་ཡིན། ། རྣམ་པར་ཤེས་པའང་དེ་ཡི་གཟུགས། ། ལུས་ཀྱིའང་གཉིས་ཀ་ཐམས་ཅད་དུ། ། རྣ་བའང་དེ་བཞིན་གསུམ་དག་ནི། ། ཐམས་ཅད་རང་གི་ས་པ་ཉིད། ། ལུས་ཀྱི་རྣམ་ཤེས་འོག་དང་ནི། ། རང་གི་ས་ཡིད་མ་ངེས་ཏེ། ། གཉིས་ཀྱིས་རྣམ་ཤེས་ཕྱི་ཡི་ལྔ། ། འདུས་མ་བྱས་ཆོས་རྟག་པའོ། ། ཆོས་ཀྱི་ཕྱེད་དང་གང་དག་ནི། ། བཅུ་གཉིས་ནང་གིར་བཤད་དབང་པོ། ། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། ཁམས་བསྟན་པ་ཞེས་བྱ་བ་སྟེ་གནས་དང་པོ་འོ། ། [དབང་པོ་བསྟན་པ།]ལྔ་པོ་རྣམས་ནི་དོན་བཞི་ལ། ། དབང་བྱེད་བཞི་རྣམས་གཉིས་ལ་ལོ། ། ལྔ་དང་བརྒྱད་པོ་དེ་རྣམས་ནི། ། ཀུན་ནས་ཉོན་མོངས་རྣམ་བྱང་ལ། ། རང་གི་དོན་དང་ཐམས་ཅད་ལ། ། དམིགས་པར་དབང་བྱེད་ཕྱིར་དབང་དྲུག ། མོ་ཉིད་ཕོ་ཉིད་ལ་དབང་ཕྱིར། ། ལུས་ལས་མོ་དང་ཕོ་དབང་དག ། རིས་གནས་ཀུན་ནས་ཉོན་མོངས་དང་། ། རྣམ་པར་བྱང་ལ་དབང་བྱེད་ཕྱིར། ། སྲོག་དང་ཚོར་བ་རྣམས་དང་ནི། ། དད་སོགས་དབང་པོ་ལྔར་འདོད་དོ། ། མྱ་ངན་འདས་སོགས་གོང་ནས་གོང་། ། ཐོབ་པ་ལ་ནི་དབང་བྱེད་ཕྱིར། ། ཀུན་ཤེས་བྱེད་དང་ཀུན་ཤེས་དང་། ། དེ་བཞིན་ཀུན་ཤེས་ལྡན་དབང་པོ། ། སེམས་ཀྱི་རྟེན་དང་དེའི་བྱེ་བྲག ། གནས་དང་ཀུན་ནས་ཉོན་མོངས་ཉིད། ། ཚོགས་དང་རྣམ་བྱང་ཇི་སྙེད་པ། ། དབང་པོ་དག་ཀྱང་དེ་སྙེད་དུ། ། ཡང་ན་འཇུག་པའི་རྟེན་དང་ནི། ། སྐྱེ་དང་གནས་དང་ཉེར་སྤྱོད་ལས། ། བཅུ་བཞི་དེ་བཞིན་ལྡོག་པ་ལ། ། དབང་པོ་རྣམས་ནི་གཞན་ཡིན་ནོ། ། ལུས་ཚོར་སིམ་པ་མ་ཡིན་གང་། ། སྡུག་བསྔལ་དབང་པོ་འོ་སིམ་པ་ནི། ། བདེ་བའོ་བསམ་གཏན་གསུམ་པ་ན། ། སེམས་ཀྱི་དེ་ནི་བདེ་དབང་པོ། ། གཞན་ན་དེ་ཡིད་བདེ་བ་ཡིན། ། སེམས་ཀྱི་སིམ་པ་མ་ཡིན་པ། ། ཡིད་མི་བདེ་བའོ་བཏང་སྙོམས་ནི། ། བར་མའོ་གཉིས་ཀའི་མི་རྟོག་ཕྱིར། ། མཐོང་སྒོམ་མི་སློབ་ལམ་ལ་དགུ། ། གསུམ་ཡིན་གསུམ་ནི་དྲི་མ་མེད། ། གཟུགས་ཅན་སྲོག་དང་སྡུག་བསྔལ་དག ། ཟག་དང་བཅས་པ་དགུ་རྣམ་གཉིས། ། སྲོག་ནི་རྣམ་སྨིན་བཅུ་གཉིས་གཉིས། ། ཐ་མ་བརྒྱད་དང་ཡིད་མི་བདེ། ། མ་གཏོགས་པ་སྟེ་དེ་གཅིག་ནི། ། རྣམ་པར་སྨིན་བཅས་བཅུ་རྣམ་གཉིས། ། ཡིད་དང་ཚོར་གཞན་དད་ལ་སོགས། ། དགེ་བ་བརྒྱད་ཡིད་མི་བདེ་བ། ། རྣམ་གཉིས་ཡིད་དང་ཚོར་གཞན་ནི། ། རྣམ་གསུམ་གཞན་ནི་རྣམ་པ་གཅིག ། དྲི་མེད་མ་གཏོགས་འདོད་པར་གཏོགས། ། ཕོ་མོའི་དབང་དང་སྡུག་བསྔལ(བསལ)་དང་། ། མ་གཏོགས་གཟུགས་གཏོགས་གཟུགས་ཅན་དང་། ། བདེ་བའང་མ་གཏོགས་གཟུགས་མེད་གཏོགས། ། ཡིད་དང་ཚོར་བ་གསུམ་རྣམ་གསུམ། ། གཉིས་ཀྱིས་སྤང་བྱ་ཡིད་མི་བདེ། ། དགུ་ནི་སྒོམ་པས་ལྔ་པོ་ནི། ། སྤང་བར་བྱ་མིན་ཡང་གསུམ་མིན། ། འདོད་པར་དང་པོར་རྣམ་སྨིན་གཉིས། ། རྙེད་དེ་བརྫུས་ཏེ་སྐྱེ་བས་མིན། ། དེ་ཡིས་དྲུག་གམ་བདུན་ནམ་བརྒྱད། ། གཟུགས་ན་དྲུག་གོ་གོང་མར་གཅིག ། གཟུགས་མེད་དག་ཏུ་འཆིབ་ནི། ། སྲོག་དང་ཡིད་དང་བཏང་སྙོམས་ཉིད། ། འགག་པར་འགྱུར་རོ་གཟུགས་ན་བརྒྱད། ། འདོད་པར་བཅུ་འམ་དགུ་འམ་བརྒྱད། ། རིམ་གྱིས་འཆི་བ་དག་ལ་བཞི། ། དགེ་ལ་ཐམས་ཅད་དག་ཏུ་ལྔ། ། འབྲས་བུ་ཐ་མ་གཉིས་དགུས་འཐོབ། ། གཉིས་ནི་བདུན་དང་བརྒྱད་དང་དགུས། ། བཅུ་གཅིག་དག་གིས་དགྲ་བཅོམ་ཉིད། ། འགའ་ཞིག་སྲིད་ཕྱིར་བཤད་པ་ཡིན། ། བཏང་སྙོམས་དང་ནི་སྲོག་དང་ནི། ། ཡིད་དང་ལྡན་ལ་ངེས་གསུམ་ལྡན། ། བདེ་ལུས་ལྡན་ལ་བཞི་དག་དང་། ། མིག་སོགས་ལྡན་ལ་ལྔ་དང་ལྡན། ། ཡིད་བདེ་ལྡན་ཡང་སྡུག་བསྔལ་ལྡན། ། བདུན་དང་མོ་ཡི་དབང་སོགས་ལྡན། ། བརྒྱད་དང་ཀུན་ཤེས་ལྡན་པ་ཡི། ། དབང་པོ་ལྡན་ལ་བཅུ་གཅིག་ལྡན། ། ཀུན་ཤེས་བྱེད་པའི་དབང་ལྡན་ལ། ། བཅུ་གསུམ་དག་དང་ལྡན་པ་ཡིན། ། དགེ་མེད་ནང་ན་ཉུང་ལྡན་པ། ། ལུས་ཚོར་སྲོག་ཡིད་བརྒྱད་དང་ལྡན། ། གཟུགས་མེད་བྱིས་པའང་དེ་བཞིན་ཏེ། ། བཏང་སྙོམས་སྲོག་ཡིད་དགེ་རྣམས་དང་། ། མང་པོར་ལྡན་ལ་བཅུ་དགུ་སྟེ། ། དྲི་མ་མེད་རྣམས་མ་གཏོགས་སོ། ། མཚན་གཉིས་འཕགས་པ་ཆགས་བཅས་ཏེ། ། མཚན་གཅིག་དྲི་མེད་གཉིས་མ་གཏོགས། ། འདོད་ན་དབང་པོ་མེད་པ་དང་། ། སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། ། ལུས་དབང་ལྡན་ལ་རྫས་དགུའོ། ། དབང་པོ་གཞན་ལྡན་རྫས་བཅུའོ། ། སེམས་དང་སེམས་བྱུང་ངེས་ལྷན་ཅིག ། ཐམས་ཅད་འདུས་བྱས་མཚན་ཉིད་དང་། ། ཐོབ་པའམ་སེམས་བྱུང་རྣམ་ལྔ་སྟེ། ། ས་མང་ལ་སོགས་ཐ་དད་ཕྱིར། ། ཚོར་དང་སེམས་པ་འདུ་ཤེས་དང་། འདུན་དང་རེག་དང་བློ་གྲོས་དྲན། ། ཡིད་ལ་བྱེད་དང་མོས་པ་དང་། ། ཏིང་ངེ་འཛིན་སེམས་ཐམས་ཅད་ལ། ། དད་དང་བག་ཡོད་ཤིན་ཏུ་སྦྱངས། ། བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། ། རྩ་བ་གཉིས་རྣམ་མི་འཚེ་དང་། ། བརྩོན་འགྲུས་རྟག་ཏུ་དགེ་ལ་འབྱུང་། ། རྨོངས་དང་བག་མེད་ལེ་ལོ་དང་། ། མ་དད་པ་དང་རྨུགས་དང་རྒོད། ། ཉོན་མོངས་ཅན་ལ་རྟག་ཏུ་འབྱུང་། ། མི་དགེ་ལ་ནི་ཁྲེལ་མེད་དང་། ། ངོ་ཚ་མེད་པའོ་ཁྲོ་བ་དང་། ། འཁོན་དུ་འཛིན་དང་གཡོ་དང་ནི། ། ཕྲག་དོག་འཚིག་འཆབ་སེར་སྣ་དང་། ། སྒྱུ་དང་རྒྱགས་དང་རྣམ་འཚེ་ནི། ། ཉོན་མོངས་ཆུང་ངུའི་ས་པ་རྣམས། ། འདོད་པའི་དགེ་བའི་སེམས་ལ་ནི། ། རྟོག་དང་དཔྱོད་དང་བཅས་པའི་ཕྱིར། ། སེམས་ལས་བྱུང་བ་ཉི་ཤུ་གཉིས། ། ལ་ལ་དག་ཏུ་འགྱོད་པ་བསྣན། ། མི་དགེ་ལ་ནི་མ་འདྲེས་དང་། ། ལྟ་དང་ལྡན་ལའང་ཉི་ཤུ་འབྱུང་། ། ཉོན་མོངས་བཞི་དང་ཁྲོ་སོགས་དང་། ། འགྱོད་པ་དང་ནི་ཉི་ཤུ་གཅིག ། བསྒྲིབས་ལ་བཅོ་བརྒྱད་ལུང་མ་བསྟན། ། གཞན་ལ་བཅུ་གཉིས་དག་ཏུ་འདོད། ། གཉིད་ནི་ཀུན་ལ་མི་འགལ་ཕྱིར། ། གང་ལ་ཡོད་པ་དེ་བསྣན་ནོ། ། དེ་ལས་འགྱོད་གཉིད་མི་དགེ་རྣམས། ། བསམ་གཏན་དང་པོ་དག་ན་མེད། ། རྟོག་པའང་བསམ་གཏན་ཁྱད་པར་ཅན། ། དེ་ཡི་གོང་ན་དཔྱོད་པ་ཡང་། ། མ་གུས་ངོ་ཚ་མེད་ཁྲེལ་མེད། ། ཁ་ན་མ་ཐོ་འཇིགས་མི་ལྟ། ། དགའ་དང་གུས་ཉིད་ངོ་ཚ་ཤེས། ། དེ་གཉིས་འདོད་དང་གཟུགས་དག་ན། ། རྟོག་དང་དཔྱོད་པ་རྩིང་ཞིབ་ཉིད། ། ང་རྒྱལ་ཁེངས་པ་རྒྱགས་པ་ནི། ། རང་གི་ཆོས་ལ་ཆགས་པ་ཡི། ། སེམས་ནི་ཡོངས་སུ་གཏུགས་པའོ། ། སེམས་དང་ཡིད་དང་རྣམ་ཤེས་ནི། ། དོན་གཅིག་སེམས་དང་སེམས་བྱུང་དང་། ། རྟེན་དང་དམིགས་དང་རྣམ་བཅས་དང་། ། མཚུངས་པར་ལྡན་པའང་རྣམ་པ་ལྔ། ། མི་ལྡན་པ་ཡི་འདུ་བྱེད་རྣམས། ། ཐོབ་དང་མ་ཐོབ་སྐལ་མཉམ་དང་། ། འདུ་ཤེས་མེད་སྙོམས་འཇུག་དག་དང་། ། སྲོག་དང་མཚན་ཉིད་རྣམས་དང་ནི། ། མིང་གི་ཚོགས་ལ་སོགས་པ་ཡང་། ། ཐོབ་པ་རྙེད་དང་ལྡན་པའོ། ། ཐོབ་དང་མ་ཐོབ་རང་རྒྱུད་དུ། ། གཏོགས་པ་རྣམས་ཀྱིའོ་འགོག་གཉིས་ཀྱི། ། དུས་གསུམ་པ་ཡི་རྣམ་པ་གསུམ། ། དགེ་ལ་སོགས་ཀྱི་དགེ་ལ་སོགས། ། དེར་གཏོགས་རྣམས་ཀྱི་རང་ཁམས་པ། ། མ་གཏོགས་རྣམས་ཀྱི་རྣམ་པ་བཞི། ། སློབ་དང་མི་སློབ་མིན་གྱི་གསུམ། ། སྤང་བྱ་མིན་པའི་རྣམ་གཉིས་འདོད། ། ལུང་བསྟན་མིན་ཐོབ་ལྷན་ཅིག་སྐྱེ། ། མངོན་ཤེས་སྤྲུལ་པ་མ་གཏོགས་པ། ། བསྒྲིབས་པའི་གཟུགས་ཀྱིའང་འདོད་པ་ན། ། གཟུགས་ཀྱི་སྔར་ནི་སྐྱེ་བ་མེད། ། མ་ཐོབ་མ་བསྒྲིབས་ལུང་མ་བསྟན། ། འདས་མ་སྐྱེས་ཀྱི་དེ་རྣམ་གསུམ། ། འདོད་སོགས་གཏོགས་དང་དྲི་མེད་ཀྱིའང་། ། ལམ་མ་ཐོབ་པ་སོ་སོ་ཡི། ། སྐྱེ་བོར་འདོད་དོ་དེ་ཐོབ་དང་། ། ས་འཕོས་ནས་ནི་རྣམ་ཉམས་འགྱུར། ། སྐལ་མཉམ་སེམས་ཅན་འདྲ་བའོ། ། འདུ་ཤེས་མེད་པ་པ་འདུ་ཤེས། ། མེད་པར་སེམས་དང་སེམས་བྱུང་རྣམས། ། འགོག་པའོ་རྣམ་སྨིན་དེ་འབྲས་ཆེ། ། དེ་བཞིན་འདུ་ཤེས་མེད་སྙོམས་འཇུག ། བསམ་གཏན་ཐ་མར་འབྱུང་འདོད་པས། ། དགེ་བའོ་སྐྱེས་ནས་མྱོང་འགྱུར་ཉིད། ། འཕགས་པའི་མ་ཡིན་དུས་གཅིག་འཐོབ། ། ་འགོག་པ་ཞེས་པའང་དེ་བཞིན་ཉིད། ། འདི་གནས་དོན་དུ་སྲིད་རྩེ་སྐྱེ། ། དགེ་བའོ་གཉིས་སུ་མྱོང་འགྱུར་དང་། ། མ་ངེས་འཕགས་པའི་སྦྱོར་བས་འཐོབ། ། ཐུབ་པའི་བྱང་ཆུབ་ཀྱིས་ཐོབ་བྱ། ། དང་པོར་མ་ཡིན་སྐད་ཅིག་མ། ། སུམ་ཅུ་རྩ་བཞིས་ཐོབ་ཕྱིར་རོ། ། གཉིས་ཀ་འདོད་དང་གཟུགས་རྟེན་ཅན། ། འགོག་པ་དང་པོར་མིའི་ནང་དུ། ། སྲོག་ནི་ཚེ་ཡིན་དྲོད་དང་ནི། ། རྣམ་ཤེས་རྟེན་གང་ཡིན་པའོ། ། མཚན་ཉིད་དག་ནི་སྐྱེ་བ་དང་། ། རྒ་དང་གནས་དང་མི་རྟག་ཉིད། ། དེ་དག་སྐྱེ་བའི་སྐྱེ་ལ་སོགས། ། དེ་ཆོས་བརྒྱད་དང་གཅིག་ལ་འཇུག ། རྒྱུ་དང་རྐྱེན་དག་མེད་པར་ནི། ། སྐྱེ་བས་བསྐྱེད་བྱ་སྐྱེད་བྱེད་མིན། ། མིང་གི་ཚོགས་ལ་སོགས་པ་ནི། ། མིང་དང་ངག་དང་ཡི་གེའི་ཚོགས། ། འདོད་དང་གཟུགས་གཏོགས་སེམས་ཅན་སྟོན། ། རྒྱུ་མཐུན་ལུང་བསྟན་མིན་དེ་བཞིན། ། སྐལ་མཉམ་རྣམ་པར་སྨིན་པའང་ཡིན། ། ཁམས་གསུམ་པ་སྟེ་ཐོབ་རྣམ་གཉིས། ། མཚན་ཉིད་རྣམས་ཀྱང་སྙོམས་འཇུག་དང་། ། མི་ལྡན་པ་དག་རྒྱུ་མཐུན་པ། ། བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང་། ། སྐལ་མཉམ་མཚུངས་པར་ལྡན་པ་དང་། ། ཀུན་ཏུ་འགྲོ་དང་རྣམ་སྨིན་དང་། ། རྒྱུ་ནི་རྣམ་པ་དྲུག་ཏུ་འདོད། ། རང་ལས་གཞན་པ་བྱེད་རྒྱུའི་རྒྱུ། ། ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས། ། འབྱུང་བཞིན་སེམས་ཀྱི་རྗེས་འཇུག་དང་། ། སེམས་དང་མཚན་ཉིད་མཚན་གཞི་བཞིན། ། སེམས་ལས་བྱུང་དང་སྡོམ་གཉིས་དང་། ། སེམས་དང་དེ་དག་གི་མཚན་ཉིད། ། སེམས་ཀྱི་རྗེས་འཇུག་དུས་དང་ནི། ། འབྲས་སོགས་དགེ་ལ་སོགས་པས་སོ། ། སྐལ་མཉམ་རྒྱུ་ནི་འདྲ་བའོ། ། རང་རིས་ས་པའོ་སྔར་སྐྱེས་རྣམས། ། ས་དགུའི་ལམ་ནི་ཕན་ཚུན་དུ། ། མཉམ་དང་ཁྱད་པར་ཅན་གྱི་ཡིན། ། སྦྱོར་བྱུང་དེ་གཉིས་ཁོ་ནའི་ཡིན། ། ཐོས་དང་བསམ་བྱུང་ལ་སོགས་པ། ། མཚུངས་ལྡན་རྒྱུ་ནི་སེམས་དག་དང་། ། སེམས་བྱུང་རྟེན་མཚུངས་ཅན་རྣམས་སོ། ། ཀུན་འགྲོ་ཞེས་བྱ་ཉོན་མོངས་ཅན། ། རྣམས་ཀྱི་རང་ས་ཀུན་འགྲོ་ལྔ། ། རྣམ་སྨིན་རྒྱུ་ནི་མི་དགེ་དང་། ། དགེ་བ་ཟག་བཅས་རྣམས་ཁོ་ན། ། ཀུན་འགྲོ་སྐལ་མཉམ་དུས་གཉིས་པ། ། གསུམ་པོ་དག་ནི་དུས་གསུམ་པ། ། འདུས་བྱས་བྲལ་བཅས་འབྲས་བུ་ཡིན། ། འདུས་མ་བྱས་ལ་དེ་དག་མེད། ། རྣམ་སྨིན་འབྲས་བུ་ཐ་མའི་ཡིན། ། བདག་པོའི་འབྲས་བུ་དང་པོའི་ཡིན། ། རྒྱུ་མཐུན་སྐལ་མཉམ་ཀུན་འགྲོ་བའི། ། སྐྱེས་བུ་པ་ནི་གཉིས་ཀྱི་ཡིན། ། རྣམ་སྨིན་ལུང་དུ་མ་བསྟན་ཆོས། ། སེམས་ཅན་བརྗོད་ལུང་བསྟན་ཕྱིས་འབྱུང་། ། རྒྱུ་མཐུན་རྒྱུ་དང་འདྲ་བའོ། ། བྲལ་བ་བློ་ཡིས་ཟད་པའོ། ། གང་གི་སྟོབས་ཀྱིས་གང་སྐྱེས་པའི། ། འབྲས་དེ་སྐྱེས་བུ་བྱེད་ལས་སྐྱེས། ། སྔོན་བྱུང་མ་ཡིན་འདུས་བྱས་ནི། ། འདུས་བྱས་ཁོ་ནའི་བདག་པོའི་འབྲས། ། ལྔ་པོ་ད་ལྟར་འབྲས་བུ་འཛིན། ། གཉིས་ནི་རབ་ཏུ་འབྱིན་པར་བྱེད། ། ད་ལྟར་གྱི་དང་འདས་པ་དག ། གཅིག་ནི་འདས་པས་འབྱིན་པར་འགྱུར། ། ཉོན་མོངས་ཅན་དང་རྣམ་སྨིན་སྐྱེས། ། ལྷག་དང་དང་པོ་འཕགས་རིམ་བཞིན། ། རྣམ་སྨིན་ཀུན་འགྲོ་དེ་གཉིས་དང་། ། སྐལ་མཉམ་མ་གཏོགས་ལྷག་ལས་སྐྱེ། ། སེམས་དང་སེམས་ལས་བྱུང་བ་ཡིན། ། མཚུངས་ལྡན་མ་གཏོགས་གཞན་དེ་བཞིན། ། རྐྱེན་ནི་བཞི་པོ་དག་ཏུ་གསུངས། ། རྒྱུ་ཞེས་བྱ་བ་རྒྱུ་ལྔ་ཡིན། ། སེམས་དང་སེམས་བྱུང་སྐྱེས་པ་རྣམས། ། ཐ་མ་མིན་མཚུངས་དེ་མ་ཐག ། དམིགས་པ་ཆོས་རྣམས་ཐམས་ཅད་དོ། ། བྱེད་རྒྱུ་ཞེས་བྱ་བདག་པོར་བཤད། ། རྒྱུ་གཉིས་པོ་དག་འགག་པ་ལ། ། བྱ་བ་བྱེད་དོ་གསུམ་པོ་ནི། ། སྐྱེ་ལའོ་དེ་ལས་གཞན་པ་ཡི། ། རྐྱེན་དག་དེ་ལས་ཟློག་པ་ཡིན། ། བཞི་ཡིས་སེམས་དང་སེམས་བྱུང་རྣམས། ། གསུམ་གྱིས་སྙོམས་པར་འཇུག་པ་གཉིས། ། གཞན་ནི་གཉིས་པོ་དག་ལས་སྐྱེ། ། དབང་ཕྱུག་སོགས་མིན་རིམ་སོགས་ཕྱིར། ། དེའི་རྒྱུ་འབྱུང་བ་རྣམ་པ་གཉིས། ། འབྱུང་ལས་གྱུར་པའི་རྣམ་པ་ལྔ། ། འབྱུང་གྱུར་རྣམ་གསུམ་ཕན་ཚུན་དུ། ། འབྱུང་བ་རྣམས་ཀྱི་དེ་རྣམ་གཅིག ། འདོད་ཡིད་དགེ་དང་མི་དགེ་དང་། ། བསྒྲིབས་པ་དང་ནི་མ་བསྒྲིབས་པ། ། གཟུགས་དང་གཟུགས་མེད་པ་དག་ན། ། མི་དགེ་ལས་གཞན་ཟག་མེད་གཉིས། ། འདོད་སེམས་དགེ་བ་ལས་སེམས་དགུ། ། དེ་ནི་བརྒྱད་པོ་ཁོ་ན་ལས། ། མི་དགེ་བ་ནི་བཅུ་དག་ལས། ། དེ་ལས་བཞི་སྟེ་བསྒྲིབས་དེ་བཞིན། ། མ་བསྒྲིབས་པ་ནི་ལྔ་དག་ལས། ། དེ་ལས་མཇུག་ཐོགས་སེམས་བདུན་ནོ། ། གཟུགས་ན་དགུ་ལས་བཅུ་གཅིག་གོ ། དེ་ནི་དགུ་ཡི་མཇུག་ཐོགས་སུ། ། བསྒྲིབས་པ་བརྒྱད་ལས་དེ་ལས་དྲུག ། མ་བསྒྲིབས་པ་ནི་གསུམ་ལས་སོ། ། དེ་ལས་དྲུག་སྟེ་གཟུགས་མེད་པའང་། ། དེ་ཡི་ཚུལ་ལོ་དགེ་བ་ལས། ། སེམས་དགུ་དག་གོ་དེ་དྲུག་གི། བསྒྲིབས་པ་ལས་བདུན་དེ་དེ་བཞིན། ། སློབ་པ་བཞི་ལས་དེ་ལས་ལྔ། ། མི་སློབ་པ་ནི་ལྔ་ལས་སོ། ། དེ་ལས་སེམས་ནི་བཞི་དག་གོ ། བཅུ་གཉིས་དེ་དག་ཉི་ཤུར་ཡང་། ། གསུམ་དུ་སྐྱེས་ནས་ཐོབ་པ་དང་། ། སྦྱོར་བྱུང་དགེ་རྣམ་གཉིས་ཕྱེ་ནས། ། རྣམ་སྨིན་སྐྱེས་དང་སྤྱོད་ལམ་པ། ། བཟོ་ཡི་གནས་དང་སྤྲུལ་པ་དང་། ། འདོད་ན་ལུང་བསྟན་མིན་རྣམ་བཞིར། ། གཟུགས་ན་བཟོ་མ་གཏོགས་པའོ། ། ཁམས་གསུམ་པ་ཡི་ཉོན་མོངས་ཅན། ། དྲུག་དང་དྲུག་དང་གཉིས་རྙེད་དོ། ། གཟུགས་སྐྱེས་དགེ་ལ་གསུམ་དག་གོ། ། སློབ་པ་ལ་བཞི་ལྷག་ལ་དེ། ། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། དབང་པོ་བསྟན་པ་ཞེས་བྱ་བ་སྟེ་གནས་གཉིས་པའོ། ། [འཇིག་རྟེན་བསྟན་པ།]དམྱལ་བ་ཡི་དྭགས་དུད་འགྲོ་དང་། ། མི་རྣམས་དང་ནི་ལྷ་དྲུག་དག ། འདོད་པའི་ཁམས་ཡིན་དམྱལ་བ་དང་། ། གླིང་དབྱེ་བ་ལས་དེ་ཉི་ཤུ། ། གོང་མའི་གནས་དག་བཅུ་བདུན་ནི། ། གཟུགས་ཁམས་ཡིན་དེར་སོ་སོ་ཡི། ། བསམ་གཏན་ས་ནི་གསུམ་པ་ཡིན། ། བཞི་པ་ས་ནི་བརྒྱད་པ་ཡིན། ། གཟུགས་མེད་ཁམས་ན་གནས་མེད་དོ། ། སྐྱེ་བ་ལས་ནི་རྣམ་པ་བཞི། ། དེར་ནི་རིས་དང་སྲོག་ལ་ཡང་། ། སེམས་ཀྱི་རྒྱུད་ནི་བརྟེན་པ་ཡིན། ། དེར་ནི་དམྱལ་སོགས་འགྲོ་བ་ལྔ། ། རང་གི་མིང་གིས་བསྟན་དེ་དག ། ཉོན་མོངས་ཅན་མིན་ལུང་བསྟན་མིན། ། སེམས་ཅན་ཞེས་བྱ་བར་སྲིད་མིན། ། ལུས་དང་འདུ་ཤེས་ཐ་དད་དང་། ། ལུས་ཐ་དད་ཅིང་འདུ་ཤེས་གཅིག ། བཟློག་དང་ལུས་དང་འདུ་ཤེས་གཅིག ། གཟུགས་ཅན་མ་ཡིན་གསུམ་པོ་དག ། རྣམ་ཤེས་གནས་པ་བདུན་ལྷག་མ། ། དེ་འཇོམས་བྱེད་ལྡན་སྲིད་རྩེ་དང་། ། འདུ་ཤེས་མེད་པའི་སེམས་ཅན་རྣམས། ། སེམས་ཅན་གྱི་ནི་གནས་དགུར་བཤད། ། མི་འདོད་བཞིན་གནས་ཕྱིར་གཞན་མིན། ། གནས་པ་དག་ནི་ཡང་བཞི་སྟེ། ། ཟག་དང་བཅས་པའི་ཕུང་པོ་བཞི། ། རང་གི་ས་པ་ཉིད་རྣམ་ཤེས། ། འབའ་ཞིག་གནས་པར་མ་བཤད་དོ། ། བསྡུ་ན་མུ་ནི་བཞི་ཡིན་ནོ། ། དེར་ནི་སྒོ་ང་ལས་སྐྱེས་སོགས། ། སེམས་ཅན་སྐྱེ་གནས་བཞི་དག་ཏུ། ། མི་དང་དུད་འགྲོ་རྣམ་པ་བཞི། ། དམྱལ་བ་རྣམས་དང་ལྷ་རྣམས་དང་། ། སྲིད་པ་བར་མ་བརྫུས་ཏེ་སྐྱེ། ། ཡི་དྭགས་མངལ་ནས་སྐྱེ་བའང་ཡིན། ། འདིར་གང་འཆི་དང་སྐྱེ་བ་ཡི། ། སྲིད་པའི་བར་དུ་འབྱུང་བའོ། ། བགྲོད་པའི་ཡུལ་དུ་མ་ཕྱིན་ཕྱིར། ། སྲིད་པ་བར་མ་བྱུང་བ་མིན། ། འབྲུ་ཡི་རྒྱུན་དང་ཆོས་མཐུན་ཕྱིར། ། སྲིད་པ་ཆད་ལས་བྱུང་བ་མིན། ། གཟུགས་བརྙན་མ་གྲུབ་ཕྱིར་བ་དང་། ། མི་འདྲའི་ཕྱིར་ན་དཔེ་མ་ཡིན། ། གཅིག་ན་ལྷན་ཅིག་གཉིས་མེད་ཕྱིར། ། རྒྱུན་མིན་ཕྱིར་གཉིས་ལས་བྱུང་ཕྱིར། ། མགུར་ནས་གསུངས་ཕྱིར་ཡོད་དྲི་ཟ། ། ལྔར་གསུངས་འགྲོ་འདོད་ལས་ཀྱང་གྲུབ། ། དེ་ནི་འཕེན་པ་གཅིག་པའི་ཕྱིར། ། སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན། ། དེ་ནི་འཆི་བའི་སྔོན་རོལ་ཏེ། ། སྐྱེ་བའི་སྐད་ཅིག་ཕན་ཆད་དོ། ། རིགས་མཐུན་ལྷ་མིག་དག་པས་མཐོང་། ། ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། ། དབང་པོ་ཀུན་ཚང་ཐོགས་མེད་ལྡན། ། མི་ལྡོག་དེ་ནི་དྲི་ཟའོ། ། བློ་ནི་ཕྱིན་ཅི་ལོག་གྱུར་པས། ། རྩེ་དགས་འགྲོ་བའི་ཡུལ་དུ་འགྲོ། ། དྲི(དྲ)་དང་གནས་ལ་མངོན་འདོད་གཞན། ། དམྱལ་བ་ཡི་ནི་སྤྱིའུ་ཚུགས་ཡིན། ། གཅིག་ནི་ཤེས་བཞིན་དུ་འཇུག་གོ ། གཞན་ནི་གནས་པ་ཡང་གཞན་ནི། ། འབྱུང་བའང་གཞན་ནི་ཐམས་ཅད་རྨོངས། ། སྒོ་ང་ལས་སྐྱེས་རྟག་ཏུའོ། ། མངལ་དུ་འཇུག་པ་གསུམ་དག་སྟེ། ། འཁོར་ལོས་བསྒྱུར་དང་རང་བྱུང་གཉིས། ། ལས་སམ་ཡེ་ཤེས་སམ་གཉིས་ཀ ། རྒྱ་ཆེའི་ཕྱིར་ན་གོ་རིམས་བཞིན། ། བདག་མེད་ཕུང་པོ་ཙམ་ཉིད་དོ། ། ཉོན་མོངས་ལས་ཀྱིས་མངོན་འདུས་བྱས། ། སྲིད་པ་བར་མའི་རྒྱུན་གྱིས་ན། ། མར་མེ་བཞིན་དུ་མངལ་དུ་འགྲོ། ། ཇི་ལྟར་འཕངས་བཞིན་རིམ་གྱིས་རྒྱུན། ། སྐྱེས་ནས་ལས་དང་ཉོན་མོངས་ཀྱིས། ། འཇིག་རྟེན་ཕ་རོལ་དག་ཏུ་འགྲོ། ། སྲིད་པའི་འཁོར་ལོ་ཐོག་མ་མེད། ། དེ་ནི་རྟེན་ཅིང་འབྲེལ་འབྱུང་བའི། ། ཡན་ལག་བཅུ་གཉིས་ཆ་གསུམ་མོ། ། སྔོན་དང་ཕྱི་མཐར་གཉིས་གཉིས་དང་། ། བར་དུ་བརྒྱད་ཡོངས་རྫོགས་ལྡན་ལ། ། མ་རིག་ཉོན་མོངས་སྔོན་གནས་སྐབས། ། འདུ་བྱེད་ངག་ནི་སྔོན་ལས་ཀྱི། ། རྣམ་ཤེས་མཚམས་སྦྱོར་ཕུང་པོ་ཡིན། ། མིང་དང་གཟུགས་ནི་དེ་ཕན་ཆད། ། སྐྱེ་མཆེད་དྲུག་དོད་ཚུན་ཆད་དོ། ། དེ་ནི་གསུམ་འདུས་ཚུན་ཆད་དོ། ། རེག་པ་བདེ་སྡུག་ལ་སོགས་ཀྱི། ། རྒྱུ་ཤེས་ནུས་པ་ཚུན་ཆད་དོ། ། ཚོར་འཁྲིག་ཚུན་ཆད་སྲེད་པ་ནི། ། ལོངས་སྤྱོད་འཁྲིག་པ་ཆཌ་ཅན་གྱི། ། ཉེ་བར་ལེན་པ་ལོངས་སྤྱོད་རྣམས། ། ཐོབ་པར་བྱ་ཕྱིར་ཡོངས་རྒྱུག་པའི། ། དེ་སྲིད་འབྲས་བུ་འབྱུང་འགྱུར་བའི། ། ལས་བྱེད་དེ་ནི་སྲིད་པ་ཡིན། ། ཉིང་མཚམས་སྦྱོར་བ་སྐྱེ་བ་ཡིན། ། ཚོར(ཆོར)་བའི་བར་ནི་རྒ་ཤི་ཡིན། ། འདི་ནི་གནས་སྐབས་པར་འདོད་ལོ། ། གཙོ་བོའི་ཕྱིར་ན་ཡན་ལག་བསྒྲགས། ། སྔོན་དང་ཕྱི་མཐའ་བར་དག་ལ། ། རྨོངས་པ་རྣམ་པར་བཟློག་ཕྱིར་རོ། ། ཉོན་མོངས་གསུམ་མོ་ལས་གཉིས་སོ། ། གཞི་བདུན་དེ་བཞིན་འབྲས་བུ་ཡིན། ། གཉིས་ཀྱི་རྒྱུ་འབྲས་མདོར་བསྡུས་པ། ། བར་མའི་རྗེས་སུ་དཔག་པ་ལས། ། ཉོན་མོངས་པ་ལས་ཉོན་མོངས་དང་། ། བྱ་བ་ཉིད་དོ་དེ་ལས་གཞི། ། དེ་ལས་གཞི་དང་ཉོན་མོངས་སྐྱེ། ། འདི་ནི་སྲིད་པའི་ཡན་ལག་ལུགས། ། འདིར་ནི་འབྱུང་བ་རྒྱུ་ཡིན་ཏེ། བྱུང་བ་འབྲས་བུ་ཡིན་པར་འདོད། ། རིག་པའི་མི་མཐུན་ཕྱོགས་ཆོས་གཞན། ། མ་རིག་མི་མཛའ་རྫུན་སོགས་བཞིན། ། ཀུན་སྦྱོར་སོགས་ཚིག་ཕྱིར་གལ་ཏེ། ། ཤེས་རབ་ངན་པའོ་མིན་ལྟ་ཕྱིར། ། ལྟ་བ་དེ་དང་མཚུངས་ལྡན་ཕྱིར། ། ཤེས་རབ་ཉོན་མོངས་བསྟན་ཕྱིར་རོ། ། མིང་ནི་གཟུགས་ཅན་མིན་ཕུང་པོ། ། རེག་དྲུག་འདུས་ཏེ་བྱུང་བ་ཡིན། ། ལྔ་ནི་ཐོགས་པའི་རེག་པ་ཡིན། ། དྲུག་པ་བླ་དྭགས་ཚིག་ཅེས་བྱ། ། རིག་དང་མ་རིག་དང་གཞན་རེག ། དྲི་མེད་ཉོན་མོངས་ཅན་ལྷག་མ། ། གནོད་སེམས་རྗེས་སུ་ཆགས་པའི་རེག ། བདེ་བ་མྱོང་འགྱུར་ལ་སོགས་གསུམ། ། དེ་ལས་བྱུང་བའི་ཚོར་བ་དྲུག ། ལྔ་ནི་ལུས་ཀྱིའོ་སེམས་ཀྱི་གཞན། ། དེ་ཡིད་ཉེ་བར་རྒྱུ་བ་ལས། ། རྣམ་པ་དག་ནི་ཡང་བཅོ་བརྒྱད། ། འདོད་ན་ཐམས་ཅད་རང་དམིགས་ཅན། ། སྤྱོད་ཡུལ་གཟུགས་ཅན་བཅུ་གཉིས་སོ། ། གོང་མ་གསུམ་གྱི་བསམ་གཏན་ནི། ། གཉིས་ན་བཅུ་གཉིས་འདོད་འགྲོ་རྣམས། ། རང་ལ་དམིགས་བརྒྱད་གཟུགས་མེད་པ། ། གཉིས་ཀྱིའོ་བསམ་གཏན་གཉིས་ན་དྲུག ། དྲུག་གི་འདོད་པའོ་རང་ནི་བཞིའི། ། གོང་མ་གཅིག་གི་དམིགས་པ་ཡིན། ། གཟུགས་མེད་ཉེ་བར་བསྡོགས་ན་བཞི། ། གཟུགས་འགྲོ་གོང་མར་འགྲོ་བ་གཅིག ། དངོས་གཞི་ན་གཅིག་རང་ཡུལ་ཅན། ། བཅོ་བརྒྱད་ཐམས་ཅད་ཟག་དང་བཅས། ། བཤད་དང་འཆད་པར་འགྱུར་བ་གཞན། ། འདིར་ནི་ཉོན་མོངས་ས་བོན་བཞིན། ། ཀླུ་བཞིན་རྩ་བཞིན་ལྗོན་ཤིང་བཞིན། ། དེ་བཞིན་ཤུན་པ་བཞིན་དུ་འདོད། ། ལས་ནི་ཤུན་བཅས་འབྲས་དང་འདྲ། ། དེ་བཞིན་སྨན་དང་མེ་ཏོག་བཞིན། ། གཞི་ནི་བཟའ་བཏུང་གྲུབ་པ་བཞིན། ། སྲིད་པ་བཞི་པོ་དེ་དག་ལས། ། སྐྱེ་བའི་སྲིད་པ་ཉོན་མོངས་ཅན། ། རང་གི་ས་པའི་ཉོན་མོངས་ཀུན། ། གཞན་རྣམ་གསུམ་པོ་གཟུགས་མེད་གསུམ། ། འགྲོ་བ་ཟས་ཀྱིས་གནས་པ་ཡིན། ། ཁམ་གྱི་ཟས་ནི་འདོད་པ་ན། ། སྐྱེ་མཆེད་གསུམ་གྱི་བདག་ཉིད་དོ། ། གཟུགས་ཀྱི་སྐྱེ་མཆེད་མ་ཡིན་དེས། ། རང་དབང་གྲོལ་ལ་མི་ཕན་ཕྱིར། ། རེག་དང་སེམས་པ་རྣམ་ཤེས་ནི། ། ཟག་བཅས་ཟས་ཡིན་གསུམ་དག་ན། ། ཡིད་ལས་བྱུང་དང་སྲིད་འཚོལ་དང་། ། དྲི་ཟ་སྲིད་པ་བར་མ་དང་། ། འགྲུབ་པའོ་འདི་ལ་གནས་དང་ནི། ། རྟེན་པ་རྒྱས་པའི་དོན་དུ་གཉིས། ། སྲིད་གཞན་འཕེན་དང་འགྲུབ་པ་ཡི། ། དོན་དུ་གཉིས་ཏེ་གོ་རིམ་བཞིན། ། ཆད་དང་མཚམས་སྦྱོར་འདོད་ཆགས་བྲལ། ། ཉམས་དང་འཆི་འཕོ་སྐྱེ་བ་རྣམས། ། ཡིད་ཀྱི་རྣམ་ཤེས་ཁོ་ནར་འདོད། ། འཆི་འཕོ་སྐྱེ་བ་བཏང་སྙོམས་ལ། ། རྩེ་གཅིག་སེམས་མེད་ལ་དེ་མེད། ། མྱ་ངན་འདའ་ལུང་བསྟན་མིན་གཉིས། ། འོག་མའི་ལྷར་འགྲོ་མི་སྐྱེ་རྣམས། ། རིམ་གྱིས་འཆི་ན་རྐང་པ་དང་། ། ལྟེ་བ་སྙིང་གར་ཡིད་འཆི་འཕོ། ། གནད་གཅོད་པ་ནི་ཆུ་སོགས་ཀྱིས། ། འཕགས་དང་མཚམས་མེད་བྱེད་པ་དག ། ཡང་དག་ལོག་པ་ཉིད་དུ་ངེས། ། དེ་ལ་སྣོད་ཀྱི་འཇིག་རྟེན་གྱི། ། གནས་པར་འདོད་པའི་འོག་དག་གི། རླུང་གི་དཀྱིལ་འཁོར་རྔམས་སུ་ནི། ། ས་ཡ་དྲུག་འབུམ་གྲངས་མེད་དོ། ། ཆུ་རྔམས་འབུམ་ཕྲག་བཅུ་གཅིག་དང་། ། སྟོང་ཕྲག་དག་ནི་ཉི་ཤུའོ། ། ཕྱིས་ནི་རྔམས་སུ་འབུམ་ཕྲག་བརྒྱད། ། ལྷག་མ་དག་ནི་གསེར་དུ་འགྱུར། ། ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི། ། ཐད་ཀར་འབུམ་ཕྲག་བཅུ་གཉིས་དང་། ། སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི། ། ཕྱེད་དང་ལྔ་རྣམས་ཁོ་ནའོ། ། ཁོར་ཡུག་ཏུ་ནི་སུམ་འགྱུར་རོ། ། དེ་ལ་ལྷུན་པོ་གཉའ་ཤིང་འཛིན། ། གཤོལ་མདའ་འཛིན་དང་སེང་ལྡེང་ཅན། ། དེ་བཞིན་ལྟ་ན་སྡུག་རི་དང་། ། རྟ་རྣ་དང་ནི་རྣམ་འདུད་དང་། ། མུ་ཁྱུད་འཛིན་རིའོ་དེ་ནས་ནི། ། གླིང་རྣམས་ཡིན་ནོ་དེ་དག་གི ། ཕྱི་རོལ་ན་ནི་ཁོར་ཡུག་སྟེ། ། བདུན་ནི་གསེར་ཡིན་དེ་ལྕགས་སོ། ། ལྷུན་པོ་རིན་ཆེན་བཞིའི་རང་བཞིན། ། ཆུ་ཡི་ནང་དུ་བརྒྱད་ཁྲི་དག ། ནུབ་བོ་དེ་བཞིན་སྟེང་དུ་ཡང་། ། དཔག་ཚད་དག་ནི་བརྒྱད་ཁྲིའོ། ། བརྒྱད་པོ་འཕང་དུ་ཕྱེད་ཕྱེད་དབྲི། ། དེ་དག་རྔམས་སུའང་འཕང་དང་མཉམ། ། དེ་དག་བར་བདུན་རོལ་མཚོ་ཡིན། ། དང་པོ་སྟོང་ཕྲག་བརྒྱད་ཅུའོ། ། དེ་ནི་ནང་གི་རྒྱ་མཚོ་ཡིན། ། དེ་ཡི་ངོས་ལ་སུམ་འགྱུར་རོ། ། རོལ་མཚོ་གཞན་ནི་ཕྱེད་ཕྱེད་དོ། ། ལྷག་མ་ཕྱི་ཡི་མཚོ་ཆེན་ཡིན། ། འབུམ་ཕྲག་གསུམ་དང་སྟོང་ཕྲག་ནི། ། ཉི་ཤུ་གཉིས་སོ་དེ་ལ་ནི། ། འཛམ་བུའི་གླིང་སྟེ་ངོས་གསུམ་ལ། ། སྟོང་ཕྲག་གཉིས་སོ་ཤིང་རྟའི་དབྱིབས། ། གཅིག་ལ་དཔག་ཚད་ཕྱེད་དང་བཞི། ། ཤར་གྱི་ལུས་འཕགས་ཟླ་གམ་འདྲ། ། ངོས་གསུམ་འདི་དང་འདྲ་གཅིག་ལ། ། དཔག་ཚད་སུམ་བརྒྱ་ལྔ་བཅུའོ། ། བ་ལང་སྤྱོད་གླིང་ཟླུམ་པོ་སྟེ། ། སྟོང་ཕྲག་ཕྱེད་དང་བརྒྱད་ཡིན་ནོ། ། དེའི་དབུས་སྟོང་ཕྲག་ཕྱེད་དང་གསུམ། ། སྒྲ་མི་སྙན་བརྒྱད་གྲུ་བཞིར་མཉམ། ། དེ་ཡི་བར་གྱི་གླིང་བརྒྱད་ནི། ། ལུས་དང་ལུས་འཕགས་སྒྲ་མི་སྙན། ། སྒྲ་མི་སྙན་གྱི་ཟླ་དང་ནི། ། རྔ་ཡབ་དང་ནི་རྔ་ཡབ་གཞན། ། གཡོ་ལྡན་དང་ནི་ལམ་མཆོག་འགྲོ། ། འདི་ནས་བྱང་དུ་རི་ནག་པོ། ། དགུ་འདས་གངས་རིའོ་དེ་ནས་ནི། ། སྤོས་ངད་ལྡང་བའི་ཚུ་རོལ་ན། ། ཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ། ། འདི་འོག་སྟོང་ཕྲག་ཉི་ཤུ་ན། ། མནར་མེད་པའོ་དེ་ཙམ་མོ། ། དེ་ཡི་སྟེང་ན་དམྱལ་བ་བདུན། ། བརྒྱད་པོ་ཀུན་ལ་ལྷག་བཅུ་དྲུག ། དེ་དག་གི་ནི་ངོས་བཞི་ན། ། མེ་མར་མུར་དང་རོ་མྱགས་དང་། ། སྤུ་གྲིའི་ལམ་སོགས་ཆུ་བོ་ཡིན། ། ཆུ་བུར་ཅན་སོགས་གྲང་བརྒྱད་གཞན། ། ཉི་ཟླ་ལྷུན་པོའི་ཕྱེད་ནའོ། ། དཔག་ཚད་ལྔ་བཅུ་གཅིག་དང་བཅས། ། ནམ་ཕྱེད་ཉི་མ་ནུབ་པ་དང་། ། ཉི་མ་ཕྱེད་དང་འཆར་དུས་གཅིག ། དབྱར་གྱི་ཟླ་བ་གཉིས་པ་ཡི། ། ཐ་མའི་ཚེས་དགུ་ནས་མཚན་རིང་། ། དགུན་རྣམས་ཀྱི་ནི་བཞི་པ་ལ། ། ཐུང་དུ་འགྱུར་རོ་ཉིན་མོ་ཟློག ། ཉིན་མཚན་རིང་བ་ཐང་གཅིག་གོ ། ཉི་མ་ལྷོ་བྱང་འགྲོ་ཚེའོ། ། ཉི་མ་དང་ནི་ཉེ་བ་ལས། ། རང་གི་གྲིབ་མས་འགྲིབ་པར་སྣང་། ། འདི་ལ་བང་རིམ་བཞི་ཡོད་དེ། ། བར་གྱི་ཐག་ནི་སྟོང་ཕྲག་བཅུ། ། སྟོང་ཕྲག་དག་ནི་བཅུ་དྲུག་དང་། ། བརྒྱད་དང་བཞི་དང་གཉིས་འཕགས་སོ། ། དེ་ལ་ལག་ན་གཞོང་ཐོགས་དང་། ། ཕྲེང་ཐོགས་དང་ནི་རྟག་མྱོས་དང་། ། རྒྱལ་ཆེན་བཞི་པའི་ལྷ་རྣམས་གནས། ། རི་ནི་བདུན་པོ་དག་ལ་ཡང་། ། ལྷུན་པོའི་རྩེ་ན་སུམ་ཅུ་གསུམ། ། དེ་ཡི་ངོས་ལ་བརྒྱད་ཁྲིའོ། ། ཕྱོགས་མཚམས་བརྩེགས་པ་བཞི་ལ་ནི། ། ལག་ན་རྡོ་རྗེ་གནས་དབུས་ན། ། གྲོང་ཁྱེར་ལྟ་ན་སྡུག་ཅེས་པ། ། ངོས་ལ་ཉིས་སྟོང་ལྔ་བརྒྱ་པ། ། དཔག་ཚད་ཕྱེད་དང་གཉིས་གསེར་གྱི། ། རང་བཞིན་གཞི་བཀྲ་མཉེན་པ་ཡོད། ། དེ་ན་རྣམ་པར་རྒྱལ་བྱེད་དེ། ། ངོས་ལ་ཉིས་བརྒྱ་ལྔ་བཅུའོ། ། ཕྱི་རོལ་ཤིང་རྟ་སྣ་ཚོགས་དང་། ། རྩུབ་འགྱུར་འདྲེས་ཚལ་དགའ་བས་བརྒྱན། ། དེ་དག་གི་ནི་ཕྱོགས་བཞི་ན། ། ཉི་ཤུས་བཅད་ན་ས་གཞི་བཟང་། ། བྱང་ཤར་མཚམས་ན་ཡོངས་འདུ་སྟེ། ། ལྷོ་ནུབ་མཚམས་ན་ཆོས་བཟང་ངོ་། ། དེ་སྟེང་ལྷ་རྣམས་གཞལ་མེད་ཁང་། ། འདོད་པ་སྤྱོད་པ་དྲུག་ཡིན་ནོ། ། གཉིས་གཉིས་འཁྱུད་དང་ལག་བཅངས་དང་། ། རྒོད་དང་བལྟས་པས་འཁྲིག་པ་ཡིན། ། བྱིས་པ་ལོ་ལྔ་ལོན་པ་ནས། ། ལོ་བཅུ་ལོན་པ་ལྟ་བུའི་བར། ། དེ་དག་ཏུ་སྐྱེ་གཟུགས་ཅན་རྣམས། ། ཀུན་རྫོགས་གོས་དང་བཅས་པ་ཉིད། ། འདོད་པ་སྐྱེ་བ་གསུམ་པོ་ནི། ། འདོད་པའི་ལྷ་དང་མིར་བཅས་རྣམས། ། བདེ་བ་སྐྱེ་བ་གསུམ་པོ་ནི། ། བསམ་གཏན་གསུམ་ལ་ས་དགུ་ཡིན། ། གནས་ནས་གནས་འོག་ཇི་སྲིད་པ། ། དེ་ནས་དེ་ཡི་གོང་དེ་སྲིད། ། རྫུ་འཕྲུལ་གཞན་རྟེན་མ་གཏོགས་པ། ། དེ་དག་གོང་མ་མཐོང་ཐ་མེད། ། གླིང་བཞི་པ་དང་ཉི་ཟླ་དང་། ། རི་རབ་དང་ནི་འདོད་ལྷ་དང་། ། ཚངས་པའི་འཇིག་རྟེན་སྟོང་ལ་ནི། ། སྟོང་ནི་སྤྱི་ཕུད་ཡིན་པར་འདོད། ། དེ་སྟོང་ལ་ནི་སྟོང་གཉིས་པ། ། བར་མའི་འཇིག་རྟེན་ཁམས་ཡིན་ནོ། ། དེ་སྟོང་ལ་ནི་སྟོང་གསུམ་མོ། ། མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། ། འཛམ་བུ་གླིང་པ་རྣམས་ཀྱི་ཚད། ། ཁྲུ་བཞི་པ་དང་ཕྱེད་དང་བཞི། ། ཤར་དང་བ་ལང་སྤྱོད་དང་ནི། ། བྱང་ཞེས་བྱ་བ་ཉིས་འགྱུར་བསྐྱེད། ། འདོད་དང་ལྡན་པའི་ལྷ་ཡི་ལུས། ། བཞི་ཆ་ནས་ནི་རྒྱང་གྲགས་དག ། ཕྱེད་དང་གཉིས་ཀྱི་བར་དུ་བསྐྱེད། ། གཟུགས་ཅན་དང་པོ་དཔག་ཚད་ཕྱེད། ། དེ་ཡི་གོང་མ་ཕྱེད་ཕྱེད་བསྐྱེད། ། འོད་ཆུང་རྣམས་ཀྱི་ལྟག་ཡན་ཆད། ། ལུས་ནི་ཉིས་འགྱུར་ཉིས་འགྱུར་ཏེ། ། སྤྲིན་མེད་དཔག་ཚད་གསུམ་དོར་རོ། ། སྒྲ་མི་སྙན་ན་ཚེ་སྟོང་སྟེ། ། གཉིས་ན་ཕྱེད་ཕྱེད་སྤངས་པའོ། ། འདི་ན་མ་ངེས་ཐ་མར་ནི། ། ལོ་བཅུ་དང་པོ་དཔག་ཏུ་མེད། ། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། ། འདོད་པ་དག་གི་ལྷ་རྣམས་ལས། ། འོག་མ་དག་གི་ཉིན་ཞག་གཅིག ། དེས་ན་ཚེ་ལོ་ལྔ་བརྒྱའོ། ། གོང(གོད)་མ་གཉིས་ཀ་ཉིས་འགྱུར་རོ། ། གཟུགས་ཅན་ཉིན་མཚན་མེད་ཚེ་ནི། ། རང་ལུས་གཞལ་བའི་བསྐལ་པ་ཡི། ། གཟུགས་མེད་བསྐལ་པ་སྟོང་ཕྲག་ནི། ། ཉི་ཤུ་ལྷག་པས་ལྷག་པ་ཡིན། ། འོད་ཆུང་ནས་བཟུང་བསྐལ་ཆེན་ཏེ། ། དེ་ཡི་འོག་མ་ཕྱེད་ཡིན་ནོ། ། ཡང་སོས་ལ་སོགས་དྲུག་རིམ་བཞིན། ། འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། ། དེས་ན་དེ་དག་རྣམས་ཀྱི་ཚེ། ། འདོད་པའི་ལྷ་དང་འདྲ་བ་ཡིན། ། རབ་ཏུ་ཚ་ཕྱེད་མནར་མེད་ནི། ། བར་གྱི་བསྐལ་པའོ་དུད་འགྲོ་རྣམས། ། མཆོག་རིང་བསྐལ་པའོ་ཡི་དྭགས་རྣམས། ། ཟླ་བ་ཉིན་ཞག་གི་ལྔ་བརྒྱ། ། ཏིལ་སྦྱངས་ནང་ནས་ལོ་བརྒྱ་ཞིང་། ། ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། ། ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། ། གཞན་གྱི་ཚེ་ནི་ཉི་ཤུས་བསྒྱུར། ། སྒྲ་མི་སྙན་མ་གཏོགས་པར་འཆི། ། གཟུགས་མིང་དུས་མཐའ་རྡུལ་ཡིག་དང་། ། སྐད་ཅིག་ཕྲ་རབ་རྡུལ་དང་ནི། ། རྡུལ་ཕྲན་དང་ནི་དེ་བཞིན་དུ། ། ལྕགས་ཆུ་རི་བོང་ལུག་དང་གླང་། ། ཉི་ཟེར་རྡུལ་དང་སྲོ་མ་དང་། ། དེ་ལས་བྱུང་དང་དེ་བཞིན་དུ། ། སོར་ཚིགས་ཞེས་བྱ་གོང་བདུན་བསྒྱུར། ། སོར་མོ་ཉི་ཤུ་བཞི་ལ་ཁྲུ། ། ཁྲུ་བཞི་ལ་ནི་གཞུ་གང་ངོ་། ། དེ་དག་ལྔ་བརྒྱ་རྣམས་ལ་ནི། ། རྒྱང་གྲགས་དེ་ལ་དགོན་པར་འདོད། ། དེ་བརྒྱད་དཔག་ཚད་ཅེས་བྱའོ། ། སྐད་ཅིག་མ་བརྒྱ་ཉི་ཤུ་ལ། ། དེ་ཡི་སྐད་ཅིག་དེ་དག་ཀྱང་། ། དྲུག་ཅུ་ལ་ནི་ཐང་གཅིག་གོ ། ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། ། གོང་ནས་གོང་དུ་སུམ་ཅུ་འགྱུར། ། ཞག་མི་ཐུབ་དང་བཅས་པ་ཡི། ། ཟླ་བ་བཅུ་གཉིས་ལ་ལོ་གཅིག ། བསྐལ་པ་རྣམ་པ་མང་བཤད་པ། ། འཇིག་པའི་བསྐལ་པ་དམྱལ་བ་ཡི། ། སྲིད་པ་མེད་ནས་སྣོད་ཟད་པ། ། ཆགས་པ་དང་པོའི་རླུང་ནས་ནི། ། དམྱལ་བའི་སྲིད་པའི་བར་དུའོ། ། བར་གྱི་བསྐལ་པ་དཔག་མེད་ནས། ། ཚེ་ལོ་བཅུ་པའི་བར་དུ་འོ། ། དེ་ནས་ཡར་སྐྱེ་མར་འབྲི་བའི། ། བསྐལ་པ་གཞན་ནི་བཅོ་བརྒྱད་དང་། ། ཡར་སྐྱེ་བ་ནི་གཅིག་ཡིན་ཏེ། ། དེ་དག་ཚེ་ནི་བརྒྱད་ཁྲིའི་བར། ། དེ་ལྟར་འཇིག་རྟེན་ཆགས་པ་འདི། ། བར་གྱི་བསྐལ་པ་ཉི་ཤུར་གནས། ། ཆགས་པ་དང་ནི་འཇིག་པ་དང་། ། ཞིག་ནས་འདུག་པ་དག་མཉམ་མོ། ། དེ་དག་བརྒྱད་ཅུ་ལ་བསྐལ་ཆེན། ། དེ་གྲངས་མེད་གསུམ་ལ་སངས་རྒྱས། ། འབྱུང་ངོ་མར་ནི་འགྲིབ་པ་ཡི། ། བརྒྱ་ཡི་བར་ལ་དེ་དག་འབྱུང་། ། རང་སངས་རྒྱས་རྣམས་གཉིས་ཀ་ལ། ། བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། ། འཁོར་ལོས་བསྒྱུར་བ་འབྱུང་བ་ནི། ། སྟོང་ཕྲག་བརྒྱད་ཅུ་ལས་མི་འཕྱི། ། གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། ། དེ་དག་གླིང་གཅིག་གླིང་གཉིས་དང་། ། གསུམ་དང་བཞི་ལ་མས་རིམ་བཞིན། ། ལྷན་ཅིག་གཉིས་མིན་སངས་རྒྱས་བཞིན། ། ཕས་བསུ་རང་འགྲོ་གཡུལ་བཤམས་དང་། ། མཚོན་བརྩམས་པས་རྒྱལ་གནོད་པ་མེད། ། ཐུབ་མཚན་ཡུལ་ན་གནས་པ་དང་། ། གསལ་ལ་རྫོགས་པས་འཕགས་པ་ཡིན། ། སྔར་བྱུང་སེམས་ཅན་གཟུགས་ཅན་བཞིན། ། དེ་ནས་རིམ་གྱིས་རོ་ལ་ཆགས། ། ལེ་ལོས་གསོག་འཇོག་བྱས་ནས་ནི། ། འཛིན་བཅས་རྣམས་ཀྱིས་ཞིང་དཔོན་བསྟབས། ། དེ་ནས་ལས་ཀྱི་ལམ་ལྷག་པས། ། ཚེ་ཐུང་ལོ་ནི་བཅུ་ཡིན་ནོ། ། བསྐལ་པ་མཚོན་དང་ནད་དང་ནི། ། མུ་གེ་དག་གིས་ཚར་ཕྱིན་ཏོ། ། ཞག་རྣམས་དང་ནི་ཟླ་བ་དང་། ། ལོ་བདུན་དག་ཏུ་གོ་རིམ་བཞིན། ། མེ་དང་ཆུ་དང་རླུང་དག་གིས། ། འཇིག་པ་དག་ནི་ཡང་གསུམ་ཡིན། ། བསམ་གཏན་གཉིས་སོགས་གསུམ་པོ་ནི། ། དེ་དག་གི་རྩེ་གོ་རིམ་བཞིན། ། དེ་ཡི་སྐྱོན་དང་ཆོས་མཐུན་ཕྱིར། ། བཞི་པ་ན་མེད་མི་གཡོའི་ཕྱིར། ། མི་རྟག་དེ་ཡི་གཞལ་མེད་ཁང་། ། སེམས་ཅན་བཅས་ཏེ་འབྱུང་འཇིག་ཕྱིར། ། མེ་ཡིས་བདུན་ནོ་ཆུ་ཡིས་གཅིག ། དེ་ལྟར་ཆུ་བདུན་ཐལ་ནས་ཀྱང་། ། མེ་ཡིས་བདུན་ནོ་དེ་ནས་ནི། ། མཇུག་ཏུ་རླུང་གིས་འཇིག་པ་ཡིན། ། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། འཇིག་རྟེན་བསྟན་པ་ཞེས་བྱ་བ་སྟེ་གནས་གསུམ་པའོ། ། [ལས་བསྟན་པ།]ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། ། དེ་ནི་སེམས་པ་དང(ངང)་དེས་བྱས། ། སེམས་པ་ཡིད་ཀྱི་ལས་ཡིན་ནོ། ། དེས་བསྐྱེད་ལུས་དང་ངག་གི་ལས། ། དེ་དག་རྣམ་རིག་རྣམ་རིག་མིན། ། ལུས་རྣམ་རིག་བྱེད་དབྱིབས་སུ་འདོད། ། འགྲོ་མིན་གང་ཕྱིར་འདུས་བྱས་ནི། ། སྐད་ཅིག་མ་ཡིན་འཇིག་ཕྱིར་རོ། ། རྒྱུ་མེད་པ་ལས་འགའ་མི་འབྱུང་། ། རྒྱུ་ཡང་འཇིག་པ་པོར་འགྱུར་རོ། ། གཉིས་བཟུང་འགྱུར་ཏེ་རྡུལ་ལ་མེད། ། ངག་རྣམ་རིག་བྱེད་ནི་ངག་སྒྲ། ། རྣམ་གསུམ་དྲི་མེད་གཟུགས་གསུངས་དང་། ། འཕེལ་དང་མ་བྱས་ལམ་སོགས་ཕྱིར། ། འདོད་གཏོགས་རྣམ་རིག་མིན་སྐད་ཅིག ། ཕྱིན་ཆད་འདས་པའི་འབྱུང་ལས་སྐྱེ། ། ཟག་བཅས་ལུས་དང་ངག(དག)་གི་ལས། ། རང་གི་འབྱུང་བ་དག་རྒྱུར་བྱས། ། ཟག་མེད་གང་དུ་སྐྱེས་པའི་ཡིན། ། རྣམ་རིག་བྱེད་མིན་མ་ཟིན་དང་། ། རྒྱུ་མཐུན་ལས་བྱུང་སེམས་ཅན་སྟོན། ། རྒྱུ་མཐུན་ཟིན་པའི་འབྱུང་ལས་སྐྱེ། ། ཏིང་འཛིན་སྐྱེས་འབྱུང་མ་ཟིན་དང་། ། རྒྱས་བྱུང་ཐ་དད་མིན་ལས་སྐྱེ། ། རྣམ་རིག་མིན་ལུང་བསྟན་མིན་མེད། ། གཞན་ནི་རྣམ་གསུམ་མི་དགེ་ནི། ། འདོད་ནའོ་གཟུགས་ནའང་རྣམ་རིག་མིན། ། རྣམ་རིག་དཔྱོད་དང་བཅས་དག་ན། ། འདོད་པ་ན་ཡང་བསྒྲིབས་པ་མེད། ། གང་ཕྱིར་ཀུན་སློང་མེད་ཐར་པ། ། དམ་པའི་དོན་དུ་དགེ་རྩ་བ། ། ངོ་ཚ་ཁྲེལ་ཡོད་བདག་ཉིད་ཀྱི། ། དེ་དག་དང་ལྡན་མཚུངས་ལྡན་གྱི། ། བྱ་བ་ལ་སོགས་ཀུན་སློང་པས། ། ཟློག་པ་མི་དགེ་དོན་དམ་པར། ། ལུང་མ་བསྟན་པ་བསྟན་པ་དག ། ཀུན་སློང་རྣམ་གཉིས་རྒྱུ་དང་ནི། ། དེ་ཡི་དུས་ཀྱི་སློང་ཞེས་བྱ། ། གཉིས་ལས་དང་པོ་རབ་འཇུག་བྱེད། ། གཉིས་པ་རྗེས་སུ་འཇུག་བྱེད་ཡིན། ། མཐོང་བས་སྤང་བྱའི་རྣམ་ཤེས་ནི། ། རབ་ཏུ་འཇུག་བྱེད་ཡིན་ཡིད་ནི། ། སྒོམ་པས་སྤང་བྱ་གཉིས་ཀ་ཡིན། ། ལྔ་ནི་རྗེས་སུ་འཇུག་བྱེད་ཡིན། ། རབ་ཏུ་འཇུག་བྱེད་དགེ་སོགས་ལས། ། རྗེས་འཇུག་བྱེད་ཀྱང་རྣམ་གསུམ་འགྱུར། ། ཐུབ་པའི་འདྲ་བའམ་དེ་དགེ་བ། ། རྣམ་སྨིན་ལས་སྐྱེས་གཉིས་ཀ་མིན། ། རྣམ་རིག་མིན་རྣམ་གསུམ་ཞེས་བྱ། ། སྡོམ་དང་སྡོམ་པ་མིན་དང་གཞན། ། སྡོམ་པ་སོ་སོར་ཐར་ཞེས་བྱ། ། དེ་བཞིན་ཟག་མེད་བསམ་གཏན་སྐྱེས། ། སོ་སོར་ཐར་ཞེས་བྱ་རྣམ་བརྒྱད། ། རྫས་སུ་རྣམ་པ་བཞི་ཡིན་ནོ། ། མཚན་ལས་མིང་ནི་འཕོ་བའི་ཕྱིར། ། ཐ་དད་དེ་དག་འགལ་བ་མེད། ། སྤང་བྱ་ལྔ་བརྒྱད་བཅུ་དང་ནི། ། ཐམས་ཅད་སྤོང་བར་མནོས་པ་ལས། ། དགེ་བསྙེན་དང་ནི་བསྙེན་གནས་དང་། ། དགེ་ཚུལ་ཆེད་དང་དགེ་སློང་ཉིད། ། ཚུལ་ཁྲིམས་དང་ནི་ལེགས་སྤྱད་དང་། ། ལས་དང་སྡོམ་པ་ཞེས་བྱའོ། ། དང་པོའི་རྣམ་རིག་རྣམ་རིག་མིན། ། སོ་སོར་ཐར་དང་བྱ་བའི་ལམ། ། སོ་སོར་ཐར་དང་ལྡན་པ་བརྒྱད། ། བསམ་གཏན་སྐྱེས་དང་དེ་ལྡན་པ། ། ཟག་མེད་འཕགས་པའི་སེམས་ཅན་དང་། ། ཐ་མ་གཉིས་ནི་སེམས་རྗེས་འབྲང་། ། བར་ཆད་མེད་ལམ་སྐྱེས་དེ་གཉིས། ། མི་ལྕོགས་མེད་ལ་སྤོང་ཞེས་བྱ། ། ཤེས་བཞིན་དང་ནི་དྲན་དག་གཉིས། ། ཡིད་དང་དབང་པོའི་སྡོམ་པ་ཡིན། ། སོ་སོར་ཐར་གནས་ཇི་སྲིད་དུ། ། མ་བཏང་བར་དག་ད་ལྟར་གྱི། ། རྣམ་རིག་མིན་ལྡན་སྐད་ཅིག་མ། ། དང་པོ་ཕྱིན་ཆད་འདས་པ་དང་། ། སྡོམ་མིན་གནས་པའང་དེ་དང་འདྲ། ། བསམ་གཏན་སྡོམ་དང་ལྡན་པ་ནི། ། རྟག་ཏུ་འདས་དང་མ་འོངས་དང་། ། འཕགས་ནི་དང་པོ་འདས་དང་མིན། ། མཉམ་བཞག་འཕགས་ལམ་གནས་དེ་གཉིས། ། ད་ལྟར་དང་ལྡན་བར་གནས་ལ། ། ཡོད་ན་དང་པོ་བར་གྱི་དང་། ། ཕྱིན་ཆད་དུས་ནི་གཉིས་དང་ངོ་། ། སྡོམ་མིན་གནས་པ་དགེ་བ་དང་། ། སྡོམ་ལ་གནས་པ་མི་དགེ་བའི། ། རྣམ་རིག་མི་ལྡན་ཇི་སྲིད་དུ། ། རབ་དང་ཉོན་མོངས་ཤུགས་ལྡན་བར། ། རྣམ་རིག་བྱེད་ནི་ཐམས་ཅད་ལ། ། བྱེད་པ་དག་ལ་ད་ལྟར་ལྡན། ། མ་བཏང་བར་དུ་སྐད་ཅིག་མ། ། ཕྱིན་ཆད་འདས་ལྡན་མ་འོངས་མེད། ། བསྒྲིབས་པ་དང་ནི་མ་བསྒྲིབས་པ། ། འདས་པ་དག་དང་ལྡན་པའང་མེད། ། སྡོམ་པ་མིན་དང་ཉེས་སྤྱད་དང་། ། འཆལ་བའི་ཚུལ་ཁྲིམས་ལས་དེའི་ལམ། ། བར་མ་དོར་གནས་སེམས་ཞན་པས། ། བྱེད་ན་རྣམ་རིག་ཉིད་དང་ལྡན། ། རྣམ་རིག་བཏང་དང་མ་སྐྱེས་པའི། ། འཕགས་པའི་གང་ཟག་རྣམ་རིག་མིན། ། བསམ་གཏན་ལས་སྐྱེས་བསམ་གཏན་གྱི། ། ས་ཉིད་ཀྱིས་འཐོབ་ཟག་མེད་ནི། ། འཕགས་དེས་སོ་སོར་ཐར་ཞེས་པ། ། གཞན་གྱི་རྣམ་རིག་བྱེད་སོགས་ཀྱིས། ། ཇི་སྲིད་འཚོ་དང་ཉིན་ཞག་ཏུ། ། སྡོམ་པ་ཡང་དག་བླང་བར་བྱ། ། ཉིན་ཞག་པ་ཡི་སྡོམ་མིན་མེད། ། དེ་དེ་ལྟར་ནོད་མེད་ཅེས་གྲག ། དམའ་བར་འདུག་སྨྲས་བཟླས་པ་ཡིས། ། མི་བརྒྱན་ནམ་ནི་ནངས་བར་དུ། ། བསྙེན་གནས་ཡན་ལག་ཚང་བར་ནི། ། ནང་པར་གཞན་ལས་ནོད་པར་བྱ། ། ཚུལ་ཁྲིམས་ཡན་ལག་བག་ཡོད་པའི། ། ཡན་ལག་བརྟུལ་ཞུགས་ཡན་ལག་སྟེ། ། བཞི་གཅིག་དེ་བཞིན་གསུམ་རིམ་བཞིན། ། དེ་ཡིས་དྲན་ཉམས་དྲེགས་པར་འགྱུར། ། གཞན་ལའང་བསྙེན་གནས་ཡོད་མོད་ཀྱི། ། སྐྱབས་སུ་མ་སོང་བ་ལ་མེད། ། དགེ་བསྙེན་ཉིད་དུ་ཁས་བླངས་པས། ། སྡོམ་པ་བསྟན་པ་དགེ་སློང་བཞིན། ། གལ་ཏེ་ཐམས་ཅད་བསྡམས་ཡིན་ན། ། སྣ་གཅིག་སྤྱོད་སོགས་ཇི་ལྟ་བུ། ། དེ་སྲུང་བ་ལ་གསུངས་ཞེས་གྲག ། ཆུང་ངུ་ལ་སོགས་ཡིད་ཇི་བཞིན། ། གང་ཞིག་གསུམ་ལ་སྐྱབས་འགྲོ་དེ། ། སངས་རྒྱས་དགེ་འདུན་བྱེད་པའི་ཆོས། ། མི་སློབ་པ་དང་གཉིས་ཀ་དང་། ། མྱ་ངན་འདས་ལ་སྐྱབས་སུ་འགྲོ། ། ལོག་གཡེམ་ཤིན་ཏུ་སྨད་ཕྱིར་དང་། ། སླ་ཕྱིར་མི་བྱེད་ཐོབ་ཕྱིར་རོ། ། སྡོམ་པ་ཇི་ལྟར་ཁས་བླངས་བཞིན། ། ཐོབ་ཀྱི་རྒྱུད་ལས་མ་ཡིན་ནོ། ། བསླབ་པ་ཐམས་ཅད་འདས་གྱུར་ན། ། རྫུན་དུ་ཐལ་བར་འགྱུར་བའི་ཕྱིར། ། བཅས་པའི་ཁ་ན་མ་ཐོ་བ། ། མྱོས་འགྱུར་ལས་གཞན་བསྲུང་ཕྱིར་རོ། ། འདོད་གཏོགས་ཐམས་ཅད་གཉིས་ཀ་དང་། ། ད་ལྟར་དག་ལས་ཐོབ་པར་འགྱུར། ། བསམ་གཏན་ཟག་མེད་སྡོམ་པ་ནི། ། དངོས་དང་དུས་ནི་ཐམས་ཅད་ལས། ། སྡོམ་པ་སེམས་ཅན་ཐམས་ཅད་ལས། ། ཡན་ལག་རྒྱུ་ལ་དབྱེ་བ་ཡོད། ། སྡོམ་པ་མིན་པ་ཐམས་ཅད་དང་། ། ཡན་ལག་ཀུན་ལས་རྒྱུས་མིན་ནོ། ། སྡོམ་པ་མིན་པ་བྱ་བའམ། ། ཁས་ལེན་པ་ལས་ཐོབ་པར་འགྱུར། ། ལྷག་མའི་རྣམ་རིག་མིན་ཞིང་དང་། ། ལེན་དང་གུས་པར་བྱེད་པས་འཐོབ། ། བསླབ་པ་ཕུལ་དང་ཤི་འཕོས་དང་། ། མཚན་གཉིས་དག་ནི་བྱུང་བ་དང་། ། རྩ་བ་ཆད་དང་མཚན་འདས་ལས། ། སོ་སོར་ཐར་པའི་འདུལ་བ་གཏོང་། ། ཁ་ཅིག་ལྟུང་བར་འགྱུར་ལས་སྨྲ། ། གཞན་དག་དམ་ཆོས་ནུབ་པ་ལས། ། ཁ་ཆེ་རྣམས་ནི་བྱུང་བ་ལ། ། བུ་ལོན་ནོར་བཞིན་གཉིས་སུ་འདོད། ། བསམ་གཏན་གཏོགས་པའི་དགེ་བ་ནི། ། ས་འཕོས་ཉམས་པ་དག་གིས་གཏོང་། ། དེ་བཞིན་གཟུགས་མེད་གཏོགས་འཕགས་པ། ། འབྲས་བུ་ཐོབ་སྦྱངས་ཉམས་པ་ལས། ། སྡོམ་མིན་སྡོམ་པ་ཐོབ་པ་དང་། ། ཤི་དང་མཚན་གཉིས་བྱུང་བ་ལས། ། བར་མ་ཤུགས་བླངས་བྱ་བ་དང་། ། དོན་ཚེ་རྩ་བ་ཆད་པ་ལས། ། འདོད་གཏོགས་དགེ་བ་གཟུགས་མིན་ནི། ། རྩ་ཆད་གོང་དུ་སྐྱེས་པ་ལས། ། ཉོན་མོངས་པ་ཅན་གཟུགས་མིན་ནི། ། གཉེན་པོ་སྐྱེས་པས་རྣམ་ཉམས་འགྱུར། ། ཟ་མ་མ་ནིང་སྒྲ་མི་སྙན། ། མཚན་གཉིས་མ་གཏོགས་མི་རྣམས་ལ། ། སྡོམ་མིན་སྡོམ་པའང་དེ་བཞིན་ལ། ལྷ་ལའང་མི་རྣམས་ལ་གསུམ་མོ། ། འདོད་དང་གཟུགས་སྐྱེས་ལྷ་རྣམས་ལ། ། བསམ་གཏན་སྐྱེས་ཡོད་ཟག་མེད་ནི། ། བསམ་གཏན་ཁྱད་པར་འདུ་ཤེས་མེད། ། སེམས་ཅན་མ་གཏོགས་གཟུགས་མེད་ནའང་། ། ལས་བདེ་མི་བདེ་དང་གཞན་ནི། ། དགེ་དང་མི་དགེ་དང་གཞན་ཡིན། ། བསོད་ནམས་བསོད་ནམས་མིན་མི་གཡོ། ། བདེ་བ་མྱོང་འགྱུར་ལ་སོགས་གསུམ། ། བསོད་ནམས་འདོད་ཁམས་དགེ་བའི་ལས། ། མི་གཡོ་གོང་མ་ལས་སྐྱེས་པའི། ། གང་ཕྱིར་ས་ནི་དེ་དག་ཏུ། ། ལས་རྣམ་སྨིན་ཕྱིར་མི་གཡོའི་ཕྱིར། ། བསམ་གཏན་གསུམ་པའི་བར་དགེ་བ། ། བདེ་བ་མྱོང་འགྱུར་དེ་ཡན་ཆད། ། སྡུག་མིན་བདེ་མིན་མྱོང་འགྱུར་བ། ། སྡུག་བསྔལ་མྱོང་འགྱུར་འདིའི་མི་དགེ ། འོག་ནའང་བར་མ་ཡོད་དོ་ཞེས། ། ཁ་ཅིག་ཟེར་ཏེ་གང་གི་ཕྱིར། ། བསམ་གཏན་ཁྱད་པར་རྣམ་སྨིན་ལས། ། སྔ་ཕྱི་མེད་གསུམ་སྨིན་འདོད་ཕྱིར། ། ངོ་བོ་ཉིད་དང་མཚུངས་ལྡན་དང་། ། དམིགས་པ་དང་ནི་རྣམ་སྨིན་དང་། ། མངོན་སུམ་དུ་ནི་གྱུར་པ་ལས། ། མྱོང་འགྱུར་རྣམ་པ་ལྔ་ཡིན་ནོ། ། དེ་ཡང་ངེས་དང་མ་ངེས་དང་། ། མཐོང་བའི་ཆོས་ལ་སོགས་པ་ལ། ། མྱོང་འགྱུར་ཕྱིར་ན་ངེས་རྣམ་གསུམ། ། ཁ་ཅིག་ལས་རྣམ་ལྔ་ཞེས་ཟེར། ། གཞན་དག་མུ་ནི་བཞི་ཞེས་ཟེར། ། གསུམ་གྱིས་རིས་ནི་འཕེན་པར་བྱེད། ། ཐམས་ཅད་ན་ནི་འཕེན་པ་བཞི། ། དམྱལ་བ་ན་ནི་དགེ་བའི་གསུམ། ། གང་ལས་འདོད་ཆགས་བྲལ་བརྟན་པའི། ། བྱིས་པ་དེར་སྐྱེས་མྱོང་མི་བྱེད། ། འཕགས་པ་གཞན་དུའང་མྱོང་མི་བྱེད། ། འདོད་རྩེའི་མི་བརྟན་པ་ཡང་མིན། ། སྲིད་པ་བར་མ་འདོད་ཁམས་སུ། ། འཕེན་པ་རྣམ་པ་ཉི་ཤུ་གཉིས། ། དེ་ནི་མཐོང་ཆོས་འབྲས་བུ་ཡིན། ། དེ་ནི་རིས་གཅིག་ཁོ་ན་ཡིན། ། ཉོན་མོངས་རབ་དང་དྲག་པོ་དང་། ། ཡོན་ཏན་ཞིང་དང་རྒྱུན་ཆགས་སུ། ། བྱས་པ་གང་ཞིག་ཡིན་པ་དང་། ། ཕ་མ་གསོད་གང་དེ་ངེས་སོ། ། མཐོང་ཆོས་འབྲས་བུ་ཅན་གྱི་ལས། ། ཞིང་དང་བསམ་པའི་ཁྱད་པར་ལས། ། ས་དེའི་འདོད་ཆགས་གཏན་བྲལ་ཕྱིར། ། རྣམ་སྨིན་ངེས་པ་གང་ཡིན་པའོ། ། གང་དག་འགོག་བྱམས་ཉོན་མོངས་མེད། ། མཐོང་དང་དགྲ་བཅོམ་འབྲས་ལངས་པ། ། དེ་ལ་ཕན་གནོད་བྱས་པ་ཡི། ། འབྲས་བུ་འཕྲལ་དུ་མྱོང་བར་འགྱུར། ། རྣམ་པར་རྟོག་པ་མེད་པ་ཡི། ། དགེ་བའི་ལས་ཀྱི་རྣམ་སྨིན་ནི། ། སེམས་ཀྱི་ཚོར་བ་ཁོ་ནར་འདོད། ། མི་དགེ་བའི་ནི་ལུས་ཀྱི་ཡིན། ། གཡེངས་པའི་སེམས་ནི་ཡིད་སེམས་ལ། ། དེ་ནི་ལས་ཀྱི་རྣམ་སྨིན་སྐྱེས། ། སྐྲག་གནོད་མ་མཉམ་མྱ་ངན་གྱིས། ། སྒྲ་མི་སྙན་མིན་འདོད་ལྡན་རྣམས། ། ཡོན་སྐྱོན་སྙིགས་མར་གསུངས་པ་ནི། ། གཡོ་དང་ཞེ་སྡང་འདོད་ཆགས་སྐྱེས། ། དཀར་གནག་ལ་སོགས་བྱེ་བྲག་གིས། ། ལས་ནི་རྣམ་པ་བཞི་ཡིན་ནོ། ། མི་དགེ་གཟུགས་དང་འདོད་གཏོགས་པའི། ། དགེ་བ་ཉིད་ནི་རིམ་བཞིན་དུ། ། གནག་དང་དཀར་དང་གཉིས་ཀའི་ལས། ། དེ་ཟད་བྱེད་པ་ཟག་མེད་ཡིན། ། ཆོས་བཟོད་འདོད་ཆགས་བྲལ་བ་ཡི། ། བར་ཆད་མེད་ལམ་བརྒྱད་ཀྱི་གང་། ། སེམས་པ་རྣམ་པ་བཅུ་གཉིས་དེ། ། ནག་པོ་ཟད་པར་བྱེད་པའི་ལས། ། དགུ་པའི་སེམས་པ་གང་ཡིན་པ། ། དེ་ནི་དཀར་གནག་ཟད་བྱེད་ཡིན། ། དཀར་པོ་བསམ་གཏན་ཆགས་བྲལ་བའི། ། བར་ཆད་མེད་ལམ་སྐྱེས་ཐ་མས། ། གཞན་ནི་དམྱལ་བ་མྱོང་འགྱུར་དང་། ། འདོད་གཞན་མྱོང་འགྱུར་གཉིས་སུ་རིགས། ། གཞན་ནི་མཐོང་བས་སྤང་བྱ་གནག ། འདོད་པ་ལས་སྐྱེས་གཞན་དཀར་གནག ། མི་སློབ་ལུས་ངག་ལས་ཡིད་ཉིད། ། ཐུབ་པའི་གསུམ་སྟེ་གོ་རིམ་བཞིན། ། ལེགས་སྤྱད་གསུམ་པོ་ཐམས་ཅད་ནི། ། གཙང་བྱེད་རྣམ་པ་གསུམ་ཡིན་ནོ། ། ལུས་ཀྱི་ལ་སོགས་མི་དགེ་བ། ། ཉེས་པར་སྤྱད་པ་གསུམ་དུ་འདོད། ། བརྣབ་སེམས་ལ་སོགས་ལས་མིན་ཡང་། ། ཡིད་ཀྱི་ཉེས་སྤྱད་རྣམ་གསུམ་མོ། ། བཟློག་པ་ལེགས་པར་སྤྱད་པ་ཡིན། ། དེ་ལས་ཆེ་ལོང་བསྡུས་ནས་ནི། ། དགེ་དང་མི་དགེ་ཅི་རིགས་པར། ། ལས་ཀྱི་ལམ་ནི་བཅུར་གསུངས་སོ། ། མི་དགེ་དྲུག་ནི་རྣམ་རིག་མིན། ། གཅིག་རྣམ་གཉིས་སོ་དེ་དག་ཀྱང་། ། བྱེད་ན་དགེ་བ་བདུན་རྣམ་གཉིས། ། ཏིང་འཛིན་ལས་སྐྱེས་རྣམ་རིག་མིན། ། ཉེར་བསྡོགས་རྣམས་ནི་རྣམ་རིག་བྱེད། ། རྣམ་རིག་བྱེད་མིན་འགྱུར་བའམ། ། མ་ཡིན་བཟློག་པ་མཇུག་ཡིན་ནོ། ། སྦྱོར་བ་རྩ་བ་གསུམ་ལས་སྐྱེས། ། དེ་ཡི་མཇུག་ཐོགས་ལས་བྱུང་ཕྱིར། ། བརྣབ་སེམས་སོགས་རྩ་གསུམ་ལས་སྐྱེས། ། དགེ་བ་སྦྱོར་དང་མཇུག་བཅས་རྣམས། ། ཆགས་སྡང་གཏི་མུག་མེད་ལས་སྐྱེས། ། གསོད་དང་གནོད་སེམས་ཚིག་རྩུབ་པོ། ། ཞེ་སྡང་གིས་ནི་མཐར་ཕྱིན་བྱེད། ། ལོག་གཡེམ་བརྣབ་སེམས་མ་བྱིན་ལེན། ། ཆགས་པ་ཡིས་ནི་རྫོགས་པར་བྱེད། ། ལོག་པར་ལྟ་བ་གཏི་མུག་གིས། ། ལྷག་མ་གསུམ་གྱིས་རྫོགས་པར་འདོད། ། གཞི་ནི་སེམས་ཅན་ལོངས་སྤྱོད་དང་། ། མིང་དང་གཟུགས་ནི་མིང་ཡིན་ནོ། ། སྔ་དང་མཉམ་དུ་ཤི་བ་ལ། ། དངོས་མེད་ལུས་གཞན་སྐྱེས་ཕྱིར་རོ། ། དམག་ལ་སོགས་པར་དོན་གཅིག་ཕྱིར། ། ཐམས་ཅད་བྱེད་པ་པོ་བཞིན་ལྡན། ། སྲོག་གཅོད་པ་ནི་བསམས་བཞིན་དུ། ། མ་ནོར་བར་ནི་གཞན་བསད་པའོ། ། མ་བྱིན་ལེན་པ་གཞན་གྱི་ནོར། ། མཐུ་དང་འཇབ་བུས་བདག་གིར་བྱེད། ། བགྲོད་མིན་འགྲོ་བར་འདོད་པ་ཡིས། ། ལོག་པར་གཡེམ་པ་རྣམ་པ་བཞི། ། རྫུན་ཚིག་འདུ་ཤེས་གཞན་བསྒྱུར་བའི། ། ཚིག་དོན་མངོན་པར་གོ་བའོ། ། མིག་རྣ་ཡིད་ཀྱི་རྣམ་ཤེས་དང་། ། གསུམ་གྱིས་ཉམས་སུ་མྱོང་གང་དེ། ། མཐོང་ཐོས་རྣམ་པར་ཤེས་པ་དང་། ། རྟོགས་པ་ཡིན་ཏེ་རིམ་བཞིན་བཤད། ། ཕྲ་མ་ཕ་རོལ་དབྱེ་བའི་ཕྱིར། ། ཉོན་མོངས་ཅན་གྱི་སེམས་ཀྱི་ཚིག ། ཚིག་རྩུབ་པོ་ནི་མི་སྙན་པ། ། ཉོན་མོངས་ཅན་ཀུན་ཀྱལ་པ་ཉིད། ། གཞན་ནི་དེ་ལས་གཞན་ཉོན་མོངས། ། ཁ་གསག་གླུ་དང་ཟློས་གར་བཞིན། ། བསྟན་བཅོས་ངན་བཞིན་བརྣབ་སེམས་ནི། ། ལོག་པས་གཞན་གྱི་ནོར་ལ་ཆགས། ། གནོད་སེམས་སེམས་ཅན་ལ་སྡང་བ། ། དགེ་དང་མི་དགེ་མེད་ལྟ་བ། ། ལོག་པར་ལྟ་བ་ཡིན་འདི་ལ། ། གསུམ་ལམ་བདུན་ནི་ལས་ཀྱང་ཡིན། ། མེད་པར་ལྟ་བས་རྩ་བ་གཅོད། ། འདོད་གཏོགས་སྐྱེས་ནས་ཐོབ་པ་རྣམས། ། རྒྱུ་དང་འབྲས་ལ་སྐུར་འདེབས་པས། ། ཀུན་གྱིས་རིམ་གྱིས་མིའི་ནང་དུ། ། སྐྱེས་པ་བུད་མེད་ཀྱིས་གཅོད་དོ། ། ལྟ་སྤྱད་དེ་ནི་མི་ལྡན་པའོ། ། མཚམས་ནི་ཐེ་ཚོམ་ཡོད་ལྟ་བས། ། མཚམས་མེད་བྱེད་པའི་འདི་ལ་མིན། ། མི་དགེ་བརྒྱད་ཀྱི་བར་དག་དང་། ། སེམས་པ་ཅིག་ཅར་ལྷན་ཅིག་འབྱུང་། ། དགེ་བ་བཅུ་ཡི་བར་དག་དང་། ། གཅིག་དང་བརྒྱད་དང་ལྔ་དང་མིན། ། དམྱལ་བ་ན་ནི་འཁྱལ་པ་དང་། ། ཚིག་རྩུབ་གནོད་སེམས་རྣམ་གཉིས་སོ། ། བརྣབ་སེམས་ལོག་ལྟ་ལྡན་པས་སོ། ། སྒྲ་མི་སྙན་ན་གསུམ་ཡོད་དེ། ། དེ་ན་བདུན་པ་དངོས་སུ་ཡང་། ། འདོད་པ་གཞན་ན་མི་དགེ་བཅུ། ། དགེ་བ་གསུམ་ནི་ཐམས་ཅད་ན། ། རྙེད་དང་མངོན་དུ་གྱུར་སྒོ་ནས། ། གཟུགས་མེད་འདུ་ཤེས་མེད་སེམས་ཅན། ། རྙེད་པས་བདུན་ཡོད་ལྷག་བྱས་ན། ། མངོན་དུ་གྱུར་པའི་སྒོ་ནས་ཀྱང་། ། དམྱལ་བཅས་སྒྲ་མི་སྙན་མ་གཏོགས། ། ཐམས་ཅད་བདག་པོ་རྒྱུ་མཐུན་དང་། ། རྣམ་སྨིན་འབྲས་བུ་འབྱིན་པར་འདོད། ། སྡུག་བསྔལ་ཕྱིར་དང་བསད་ཕྱིར་དང་། ། གཟི་བྱིན་མེད་ཕྱིར་འབྲས་རྣམ་གསུམ། ། ལུས་དང་ངག་ལས་ཆགས་ལས་སྐྱེས། ། ལོག་འཚོ་སྦྱང་དཀའི་ཕྱིར་ལོགས་ཤིག ། བསྟན་ཏོ་གལ་ཏེ་ཡོ་བྱད་ལ། ། ཆགས་བསླང་མདོ་དང་འགལ་ཕྱིར་མིན། ། དྲི་བཅས་སྤོང་བའི་ལམ་དག་ནི། ། ལས་ནི་ལྔ་ཡི་འབྲས་བུར་བཅས། ། དྲི་མེད་བཞི་ཡི་ཟག་བཅས་གཞན། ། དགེ་དང་མི་དགེ་གང་ཡིན་པའང་། ། ཟག་པ་མེད་པ་ལྷག་མ་དང་། ། ལུང་བསྟན་མིན་གང་གསུམ་གྱིས་སོ། ། དགེ་བའི་དགེ་ལ་སོགས་པ་ནི། ། བཞི་དང་གཉིས་དང་དེ་བཞིན་གསུམ། ། མི་དགེའི་དགེ་སོགས་གཉིས་དང་ནི། ། གསུམ་དང་བཞི་སྟེ་རིམ་པ་བཞིན། ། ལུང་བསྟན་མིན་གྱི་དགེ་ལ་སོགས། ། དེ་དག་གཉིས་དང་གསུམ་དང་གསུམ། ། འདས་པའི་ཐམས་ཅད་བཞི་ཡིན་ནོ། ། བར་མ་ཡི་ནི་མ་འོངས་པའང་། ། བར་མ་གཉིས་སོ་མ་སྐྱེས་པའི། ། འབྲས་བུ་མ་འོངས་གསུམ་ཡིན་ནོ། ། རང་གི་ས་པའི་བཞི་ཡིན་ནོ། ། གཞན་གྱི་ས་པ་གསུམ་དང་གཉིས། ། སློབ་པའི་སློབ་ལ་སོགས་པ་གསུམ། ། མི་སློབ་ལས་ཀྱི་འབྲས་བུ་ནི། ། སློབ་པ་ཡི་ནི་ཆོས་ལ་སོགས། ། གཅིག་དང་གསུམ་དང་གཉིས་ཡིན་ནོ། ། དེ་ལས་གཞན་པའི་འབྲས་བུ་ནི། ། སློབ་སོགས་གཉིས་དང་གཉིས་དང་ལྔ། ། མཐོང་བས་སྤང་བྱའི་དེ་ལ་སོགས། ། གསུམ་དང་བཞི་དང་གཅིག་ཡིན་ནོ། ། སྒོམ་པས་སྤང་བར་བྱ་ལས་ཀྱི། ། དེ་དག་གཉིས་དང་བཞི་དང་གསུམ། ། སྤང་བྱ་མིན་པའི་དེ་དག་གཅིག ། གཉིས་དང་བཞི་སྟེ་གོ་རིམ་བཞིན། ། རིགས་མིན་བསྐྱེད་པ་ཉོན་མོངས་ཅན། ། ཁ་ཅིག་ཆོ་ག་ཉམས་པའང་ཞེའོ། ། གཅིག་གིས་སྐྱེ་བ་གཅིག་འཕེན་ཏོ། ། ཡོངས་རྫོགས་བྱེད་པ་དུ་མ་ཡིན། ། སེམས་མེད་སྙོམས་པར་འཇུག་པ་དག ། འཕེན་བྱེད་མ་ཡིན་ཐོབ་པའང་མིན། ། མཚམས་མེད་པ་ཡི་ལས་རྣམས་དང་། ། ཉོན་མོངས་ཤས་ཆེན་ངན་འགྲོ་དང་། ། འདུ་ཤེས་མེད་པའི་སེམས་ཅན་དང་། ། སྒྲ་མི་སྙན་སྒྲིབ་གསུམ་དུ་འདོད། ། མཚམས་མེད་གླིང་གསུམ་དག་ན་ཡོད། ། ཟ་མ་སོགས་ལ་མི་འདོད་དོ། ། ཕན་དང་ངོ་ཚ་ཆུང་བའི་ཕྱིར། ། ལྷག་མ་འགྲོ་བ་ལྔ་དག་ན། ། དགེ་འདུན་དབྱེན་ནི་མི་འཕྲོད་པའི། ། རང་བཞིན་ལྡན་པ་མ་ཡིན་ཆོས། ། ཉོན་མོངས་ཅན་མིན་ལུང་བསྟན་མིན། ། དེ་དང་དགེ་འདུན་ཡང་དག་ལྡན། ། དེ་ཡི་ཁ་ན་མ་ཐོ་རྫུན། ། དེ་དང་འབྱེད་པོ་ཡང་དག་ལྡན། ། བསྐལ་པར་མནར་མེད་པར་སྨིན་འགྱུར། ། ལྷག་པས་གནོད་པ་ལྷག་པར་འགྱུར། ། དགེ་སློང་ལྟ་སྤྱད་ཚུལ་ལྡན་པས། ། འབྱེད་དོ་གཞན་དུའོ་བྱིས་པ་རྣམས། ། སྟོན་དང་ལམ་གཞན་ལ་བཟོད་པ། ། བྱེ་བའོ་དེ་ནི་མི་གནས་སོ། ། དེ་ནི་འཁོར་ལོའི་དབྱེན་དུ་འདོད། ། འཛམ་བུའི་གླིང་ནའོ་དགུ་སོགས་ཀྱིས། ། ལས་ཀྱི་དབྱེན་ནི་གླིང་གསུམ་ན། ། དེ་ནི་བརྒྱད་དག་ཡན་ཆད་ཀྱིས། ། དང་པོ་མཐའ་སྐྱོན་ཟུང་གཅིག་གི ། སྔ་རོལ་ཐུབ་པ་ནོངས་པ་དང་། ། མཚམས་མ་བཅད་པ་དག་ཏུ་ཡང་། ། འཁོར་ལོའི་དབྱེན་ནི་མི་འབྱུང་ངོ་། ། ཕན་འདོགས་པ་དང་ཡོན་ཏན་ཞིང་། ། སླངས་དང་མེད་པར་བྱས་ཕྱིར་རོ། ། མཚན་ནི་གཞན་དུ་གྱུར་ཀྱང་འགྱུར། ། གང་གི་ཟླ་མཚན་ལས་བྱུང་མ། ། སངས་རྒྱས་བརྡེག་པར་སེམས་ལ་མིན། ། བསྣུན་འོག་དགྲ་བཅོམ་པ་ལ་མིན། ། མཚམས་མེད་སྦྱོར་བ་བྱས་པ་ལ། ། འདོད་ཆགས་བྲལ་འབྲས་མི་སྲིད་དོ། ། དགེ་འདུན་དབྱེ་ཕྱིར་རྫུན་སྨྲ་བ། ། ཁ་ན་མ་ཐོ་རབ་ཆེར་འདོད། ། འཇིག་རྟེན་པ་ཡི་དགེ་བ་ལ། ། སྲིད་རྩེའི་སེམས་པ་འབྲས་རབ་ཆེ། ། མ་དགྲ་བཅོམ་མ་སུན་བྱས་དང་། ། བྱང་ཆུབ་སེམས་དཔའ་ངེས་གནས་དང་། ། སློབ་པ་གསོད་དང་དགེ་འདུན་གྱི། ། འདུ་བའི་སྒོ་ནི་འཕྲོག་པ་དག ། མཚམས་མེད་པ་དང་ཆ་འདྲ་སྟེ། ། ལྔ་པ་མཆོད་རྟེན་འཇིག་པ་ཡིན། ། བཟོད་དང་ཕྱིར་མི་འོང་དགྲ་བཅོམ། ། ཐོབ་ལ་ལས་གེགས་ཤིན་ཏུ་བྱེད། ། གང་ནས་བྱང་ཆུབ་སེམས་དཔའ་ཡིན། ། གང་ནས་མཚན་གྱི་ལས་བྱེད་པ། ། བདེ་འགྲོ་རིགས་མཐོར་སྐྱེ་དབང་ཚང་། ། ཕོར་འགྱུར་ཚེ་རབས་དྲན་མི་ལྡོག ། དེ་ནི་འཛམ་གླིང་ཕོར་གྱུར་ཉིད། ། མངོན་སུམ་སངས་རྒྱས་ལ་སེམས་པ། ། བསམ་པ་ལས་བྱུང་བསྐལ་པ་བརྒྱ། ། ལུས་པ་དག་ཏུ་འཕེན་པར་བྱེད། ། རེ་རེའང་བསོད་ནམས་བརྒྱ་ལས་སྐྱེས། ། རྣམ་གཟིགས་མར་མེ་རིན་ཆེན་གཙུག ། གྲངས་མེད་གསུམ་གྱི་ཐ་མར་བྱུང་། ། དང་པོ་ཤཱཀྱ་ཐུབ་པ་ཡིན། ། ཀུན་ལ་ཐམས་ཅད་སྙིང་རྗེ་ཡིས། ། སྦྱིན་པར་བྱེད་པས་སྦྱིན་པ་རྫོགས། ། ཆགས་བཅས་ཡན་ལག་བཅད་ཀྱང་ནི། ། མི་འཁྲུག་བཟོད་དང་ཚུལ་ཁྲིམས་ཀྱི། ། སྐར་རྒྱལ་བསྟོད་པས་བརྩོན་འགྲུས་ཀྱི། ། དེ་མ་ཐག་ལ་ཏིང་འཛིན་བློའི། ། གསུམ་པོ་བསོད་ནམས་བྱ་བ་དང་། ། དེའི་གཞི་དཔེར་ན་ལས་ལམ་བཞིན། ། གང་གི་སྦྱིན་བྱེད་དེ་སྦྱིན་པ། ། མཆོད་དང་ཕན་གདགས་འདོད་པ་ཡིས། ། ལུས་དང་ངག་ལས་སློང་དང་བཅས། ། དེ་འབྲས་ལོངས་སྤྱོད་ཆེན་པོ་ཅན། ། བདག་གཞན་དོན་ཕྱིར་གཉིས་དོན་ཕྱིར། ། གཉིས་ཀའི་དོན་དུ་མིན་ཕྱིར་སྦྱིན། ། དེ་ཡི་ཁྱད་པར་སྦྱིན་བདག་དང་། ། དངོས་དང་ཞིང་གི་ཁྱད་པར་ལས། ། སྦྱིན་བདག་ཁྱད་འཕགས་དད་སོགས་ཀྱིས། ། གུས་ལ་སོགས་པས་སྦྱིན་པར་བྱེད། ། དེ་ཕྱིར་བཀུར་སྟི་རྒྱ་ཆེན་དང་། ། དུས་དང་བར་ཆད་མེད་པར་རྙེད། ། ཁ་དོག་ལ་སོགས་ཕུན་སུམ་དངོས། ། དེ་ལས་གཟུགས་བཟང་གྲགས་ལྡན་དང་། ། དགའ་དང་ཤིན་ཏུ་གཞོན་ཤ་དང་། ། དུས་སུ་རེག་ན་བདེ་ལུས་འགྱུར། ། འགྲོ་དང་སྡུག་བསྔལ་ཕན་འདོགས་དང་། ། ཡོན་ཏན་རྣམས་ཀྱིས་ཞིང་ཁྱད་འཕགས། ། མཆོག་ནི་གྲོལ་བས་གྲོལ་བ་འམ། ། བྱང་ཆུབ་སེམས་དཔའ་ཡིས་བརྒྱད་པ། ། འཕགས་པ་མིན་ཡང་ཕ་མ་དང་། ། ནད་པ་དང་ནི་ཆོས་སྨྲ་དང་། ། སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། ། ཡོན་ནི་གཞལ་དུ་མེད་པ་ཡིན། ། མཇུག་དང་ཞིང་དང་གཞི་དང་ནི། ། སྦྱོར་དང་སེམས་པ་བསམ་པ་སྟེ། ། དེ་དག་ཆུང་དང་ཆེ་བ་ལས། ། ལས་ཀྱང་ཆུང་དང་ཆེ་བ་ཉིད། ། བསམས་བཞིན་པ་དང་རྫོགས་པ་དང་། ། མི་འགྱོད་གཉེན་པོ་མེད་པ་དང་། ། འཁོར་དང་རྣམ་པར་སྨིན་པ་ལས། ། བསགས་པའི་ལས་ཞེས་བྱ་བ་ཡིན། ། མཆོད་རྟེན་ལ་བཏང་རྒྱུས་བྱུང་བའི། ། བསོད་ནམས་ལེན་མེད་བྱམས་སོགས་བཞིན། ། རྒྱུ་ལས་འབྲས་བུ་མི་འཁྲུལ་ཕྱིར། ། ངན་པའི་ཞིང་ལའང་འབྲས་ཡིད་འོང་། ། འཆལ་པའི་ཚུལ་ཁྲིམས་མི་དགེའི་གཟུགས། ། དེ་སྤོང་ཚུལ་ཁྲིམས་རྣམ་གཉིས་སོ། ། སངས་རྒྱས་ཀྱིས་ནི་བཅད་པ་ཡང་། ། རྣམ་དག་ཡོན་ཏན་བཞི་ལྡན་ནོ། ། འཆལ་ཁྲིམས་དེའི་རྒྱུས་འཕེན་མ་ཕྱུང་། ། དེ་གཉེན་པོ་དང་ཞི་ལ་བརྟེན། ། མཉམ་པར་བཞག་པའི་དགེ་བ་ནི། ། སྒོམ་པའོ་སེམས་ལ་བསྒོས་ཕྱིར་རོ། ། མཐོ་རིས་དོན་དུ་ཚུལ་ཁྲིམས་དང་། ། འབྲལ་བའི་དོན་དུ་སྒོམ་གཙོའི་ཕྱིར། ། བསྐལ་པར་མཐོ་རིས་དགའ་གནས་ཕྱིར། ། བཞི་ཡི་ཚངས་པའི་བསོད་ནམས་ཡིན། ། ཆོས་སྦྱིན་ཉོན་མོངས་ཅན་མིན་པས། ། མདོ་སོགས་ཡང་དག་ཇི་བཞིན་སྟོན། ། བསོད་ནམས་མྱ་ངན་འདས་པ་དང་། ། ངེས་འབྱེད་ཆ་མཐུན་དགེ་རྣམ་གསུམ། ། རིགས་པས་རབ་ཏུ་བཅུག་པའི་ལས། ། རྣམ་གསུམ་ཀུན་སློང་བཅས་པ་ནི། ། ཡིག་འབྲུ་རྒྱ་དང་བགྲང་བཅས་པའི། ། སྙན་ངག་གྲངས་ཏེ་གོ་རིམ་བཞིན། ། སྒྲིབ་ངན་ཁ་ན་མ་ཐོ་བཅས། ། ཉོན་མོངས་ཅན་ཆོས་དྲི་མེད་དགེ། གྱ་ནོམ་འདུས་བྱས་དགེ་བསྟེན་བྱ། ། ཐར་པ་བླ་ན་མེད་པ་ཡིན། ། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། ལས་བསྟན་པ་ཞེས་བྱ་བ་སྟེ་གནས་བཞི་པའོ། ། [ཕྲ་རྒྱས་བསྟན་པ།]སྲིད་པའི་རྩ་བ་ཕྲ་རྒྱས་དྲུག ། འདོད་ཆགས་དེ་བཞིན་ཁོང་ཁྲོ་དང་། ། ང་རྒྱལ་མ་རིག་ལྟ་བ་དང་། ། ཐེ་ཚོམ་ཡིན་ཏེ་དེ་དྲུག་ཀྱང་། ། འདོད་ཆགས་དབྱེ་བས་བདུན་དུ་བཤད། ། ཁམས་གཉིས་ལས་སྐྱེས་སྲིད་འདོད་ཆགས། ། ཁ་ནི་ནང་དུ་བལྟས་ཕྱིར་དེར། ། ཐར་པའི་འདུ་ཤེས་བཟློག་ཕྱིར་བཤད། ། ལྟ་བ་ལྔ་སྟེ་འཇིག་ཚོགས་དང་། ། ལོག་དང་མཐར་འཛིན་ལྟ་བ་དང་། ། ལྟ་བ་དང་ནི་ཚུལ་ཁྲིམས་དང་། ། བརྟུལ་ཞུགས་མཆོག་ཏུ་འཛིན་དང་བཅུ། ། དེ་དག་བཅུ་དང་བདུན་བདུན་བརྒྱད། ། ལྟ་བ་གསུམ་གཉིས་མ་གཏོགས་པ། ། འདོད་ན་སྡུག་བསྔལ་ལ་སོགས་པ། ། མཐོང་བས་རིམ་བཞིན་སྤོང་བར་བྱེད། ། བཞི་ནི་སྒོམ་པས་སྤང་བྱ་ཡིན། ། ཁོང་ཁྲོ་མ་གཏོགས་དེ་དག་ཉིད། ། གཟུགས་ཁམས་གཟུགས་མེད་དེ་དང་འདྲ། ། དེ་ལྟར་དགུ་བཅུ་བརྒྱད་དུ་འདོད། ། སྲིད་རྩེ་ལས་སྐྱེས་བཟོད་པ་ཡིས། ། གཞོམ་བྱ་མཐོང་བས་སྤང་བྱ་ཉིད། ། ལྷག་སྐྱེས་མཐོང་དང་སྒོམ་གཉིས་ཀྱིས། ། བཟོད་པས་གཞོམ་མིན་སྒོམ་ཁོ་ནས། ། བདག་དང་བདག་གིར་རྟག་ཆད་དང་། ། མེད་དང་དམན་ལ་མཆོག་ལྟ་དང་། ། རྒྱུ་མིན་ལམ་མིན་དེར་ལྟ་བ། ། དེ་དག་ལྟ་བ་ལྔ་ཡིན་ནོ། ། དབང་ཕྱུག་སོགས་རྒྱུར་མངོན་ཞེན་པ། ། རྟག་བདག་ཕྱིན་ཅི་ལོག་པ་ཡིས། ། རབ་ཏུ་འཇུག་པས་དེ་ཕྱིར་དེ། ། སྡུག་བསྔལ་མཐོང་བས་སྤང་བྱ་ཉིད། ། ལྟ་བ་གསུམ་ལས་ཕྱིན་ཅི་ལོག ། བཞི་ཚན་ཕྱིན་ཅི་ལོག་ཕྱིར་དང་། ། ངེས་རྟོག་ཕྱིར་དང་སྒྲོ་འདོགས་ཕྱིར། ། སེམས་དང་འདུ་ཤེས་དེའི་དབང་གིས། ། ང་རྒྱལ་བདུན་རྣམ་དགུ་གསུམ་པོ། ། མཐོང་དང་སྒོམ་པས་ཟད་བྱ་བ། ། སྒོམ་པས་སྤང་བར་བྱ་བ་ནི། ། གསོད་སོགས་ཀུན་ནས་དཀྲིས་པའོ། ། དེ་བཞིན་འཇིག་སྲེད་འཕགས་པ་ལ། ། རྣམ་སོགས་ངའོ་སྙམ་མི་འབྱུང་། ། ལྟ་བས་རྒྱས་པར་འགྱུར་ཕྱིར་རོ། ། མི་དགེའི་འགྱོད་པའང་མ་ཡིན་ནོ། ། སྡུག་བསྔལ་རྒྱུ་མཐོང་སྤང་བྱ་བ། ། ལྟ་དང་དེ་བཞིན་ཐེ་ཚོམ་དང་། ། གང་དེ་ལྷན་ཅིག་མ་འདྲེས་པའི། ། མ་རིག་གང་ཡིན་ཀུན་ཏུ་འགྲོ། ། དེ་དག་ལས་དགུ་གོང་དུ་དམིགས། ། ལྟ་བ་གཉིས་པོ་མ་གཏོགས་སོ། ། དེ་དག་དང་ནི་ལྷན་ཅིག་གང་། ། འབྱུང་དེའང་ཀུན་འགྲོ་ཐོབ་མ་གཏོགས། ། འགོག་དང་ལམ་མཐོང་སྤང་བྱ་བ། ། ལོག་ལྟ་ཐེ་ཚོམ་དེ་དག་དང་། ། ལྡན་དང་འབའ་ཞིག་མ་རིག་དང་། ། དྲུག་ནི་ཟག་མེད་སྤྱོད་ཡུལ་ཅན། ། རང་གི་ས་པའི་འགོག་པ་དང་། ། ལམ་ནི་ཕན་ཚུན་རྒྱུ་ཡིན་པས། ། ས་དྲུག་ས་དགུའི་ལམ་ནི་དེའི། ། སྤྱོད་ཡུལ་ཅན་གྱི་ཡུལ་ཡིན་ནོ། ། འདོད་ཆགས་མིན་ཏེ་སྤང་བྱའི་ཕྱིར། ། གནོད་མི་བྱེད་ཕྱིར་ཞེ་སྡང་མིན། ། ཞི་དང་དག་དང་མཆོག་གྱུར་ཕྱིར། ། ང་རྒྱལ་མ་ཡིན་མཆོག་འཛིན་མིན། ། ཕྲ་རྒྱས་ཀུན་ཏུ་འགྲོ་རྣམས་ནི། ། དམིགས་པའི་སྒོ་ནས་རང་གི་ས། ། ཐམས་ཅད་དུ་ནི་རྒྱས་པར་འགྱུར། ། ཀུན་འགྲོ་མ་ཡིན་རང་རིས་སུ། ། ཟག་མེད་གོང་མའི་ཡུལ་ཅན་མིན། ། བདག་གིར་མ་བྱས་གཉེན་པོའི་ཕྱིར། ། གང་ཞིག་གང་དང་མཚུངས་ལྡན་པ། ། དེ་ནི་དེར་མཚུངས་ལྡན་སྒོ་ནས། ། གོང་མ་ཐམས་ཅད་ལུང་མ་བསྟན། ། འདོད་ན་འཇིག་ཚོགས་ལྟ་བ་དང་། ། མཐར་འཛིན་ལྷན་ཅིག་མ་རིག་པ། ། ལྷག་མ་རྣམས་འདིར་མི་དགེ་བའོ། ། འདོད་ན་འདོད་ཆགས་ཁོང་ཁྲོ་དང་། ། རྨོངས་རྣམས་མི་དགེའི་རྩ་བ་ཡིན། ། ལུང་མ་བསྟན་པའི་རྩ་བ་གསུམ། ། དེ་ནི་སྲེད་དང་མ་རིག་བློ། ། རྣམ་གཉིས་མཐོར་འཇུག་ཕྱིར་དེ་ལས། ། གཞན་མིན་བཞི་ཞེས་ཉི་འོག་པ། ། དེ་དག་སྲེད་ལྟ་ང་རྒྱལ་རྨོངས། ། བསམ་གཏན་པ་གསུམ་མ་རིག་ལས། ། མགོ་གཅིག་དང་ནི་རྣམ་ཕྱེ་དང་། ། དྲི་དང་བཞག་པར་ལུང་བསྟན་པ། ། འཆི་དང་སྐྱེ་དང་ཁྱད་པར་འཕགས། ། བདག་གཞན་ལ་སོགས་ལྟ་བུ་ཡིན། ། འདས་དང་ཉེར་གནས་འདོད་ཆགས་དང་། ། ཁོང་ཁྲོ་ང་རྒྱལ་དག་གིས་ནི། ། གང་ལ་དེ་སྐྱེས་མ་སྤངས་པའི། ། དངོས་པོ་དེ་དང་ལྡན་པ་ཡིན། ། ཡིད་ཀྱི་དེ་དག་མ་འོངས་པས། ། ཀུན་དང་གཞན་གྱི་རང་དུས་པ། ། མི་སྐྱེ་རྣམས་ཀྱི་ཐམས་ཅད་དང་། ། ལྷག་མ་ཀུན་གྱིས་ཀུན་དང་ལྡན། ། དུས་རྣམས་ཀུན་ཏུ་ཡོད་གསུངས་ཕྱིར། ། གཉིས་ཕྱིར་ཡུལ་ཡོད་ཕྱིར་འབྲས་ཕྱིར། ། དེ་ཡོད་སྨྲ་བའི་ཕྱིར་ཐམས་ཅད། ། ཡོད་པར་སྨྲ་བར་འདོད་དེ་དག ། རྣམ་བཞི་དངོས་དང་མཚན་ཉིད་དང་། ། གནས་སྐབས་གཞན་གཞན་འགྱུར་ཞེས་བྱ། ། གསུམ་པ་བཟང་སྟེ་བྱ་བ་ཡིས། ། དུས་རྣམས་རྣམ་གཞག་གེགས་སུ་བྱེད། ། དེ་ཡང་ཇི་ལྟར་གཞན་མ་ཡིན། ། དུས་སུ་མི་རུང་དེ་བཞིན་དུ། ། ཡོད་ན་ཅི་ཕྱིར་མ་སྐྱེས་ཞིག ། ཆོས་ཉིད་དག་ནི་ཟབ་པ་ཡིན། ། སྡུག་བསྔལ་མཐོང་སྤང་བྱ་སྤངས་ཀྱང་། ། ཀུན་འགྲོ་ལྷག་མ་རྣམས་ཀྱི་ལྡན། ། དང་པོའི་རྣམ་པ་སྤངས་ཀྱང་དེའི། ། ཡུལ་ཅན་དྲི་མ་ལྷག་རྣམས་ཀྱིས། ། སྡུག་བསྔལ་རྒྱུ་མཐོང་གོམས་པ་ཡིས། ། སྤང་བྱ་འདོད་ཁམས་ལས་སྐྱེས་པ། ། རང་གི་གསུམ་དང་གཟུགས་གཏོགས་གཅིག ། དྲི་མེད་རྣམ་ཤེས་སྤྱོད་ཡུལ་ལོ། ། གཟུགས་ཁམས་ལས་སྐྱེས་རང་གི་དང་། ། འོག་གསུམ་གོང་གཅིག་དྲི་མེད་ཀྱིའང་། ། གཟུགས་མེད་ལས་སྐྱེས་ཁམས་གསུམ་གཏོགས། ། གསུམ་དང་ཟག་མེད་སྤྱོད་ཡུལ་ལོ། ། འགོག་དང་ལམ་མཐོང་སྤང་བྱ་ཀུན། ། རང་གིས་གླགས་པའི་སྤྱོད་ཡུལ་ལོ། ། ཟག་མེད་ཁམས་གསུམ་མཐའ་གསུམ་དང་། ། ཟག་པ་མེད་པའི་སྤྱོད་ཡུལ་ལོ། ། ཉོན་མོངས་ཕྲ་རྒྱས་བཅས་རྣམ་གཉིས། ། ཉོན་མོངས་ཅན་མིན་རྒྱས་འགྱུར་གྱིས། ། རྨོངས་ལས་ཐེ་ཚོམ་དེ་ནས་ནི། ། ལོག་ལྟ་དེ་ནས་འཇིག་ཚོགས་ལྟ། ། དེ་ནས་མཐར་འཛིན་དེ་ནས་ནི། ། ཚུལ་ཁྲིམས་མཆོག་འཛིན་དེ་ནས་ལྟ། ། རང་གི་ལྟ་ལ་ང་རྒྱལ་ཆགས། ། གཞན་ལ་ཞེ་སྡང་དེ་ལྟར་རིམ། ། ཕྲ་རྒྱས་སྤངས་པ་མ་ཡིན་དང་། ། ཡུལ་ནི་ཉེ་བར་གནས་པ་དང་། ། ཚུལ་བཞིན་མ་ཡིན་ཡིད་བྱེད་ལས། ། ཉོན་མོངས་རྒྱུ་ནི་ཚང་བ་ཡིན། ། འདོད་ན་གཏི་མུག་མ་གཏོགས་པའི། ། ཉོན་མོངས་ཀུན་ནས་དཀྲིས་བཅས་ཟག ། གཟུགས་དང་གཟུགས་ནི་མེད་པ་ན། ། ཕྲ་རྒྱས་ཁོ་ན་སྲིད་པའི་ཟག ། དེ་ལུང་མ་བསྟན་ཁ་ནང་བལྟས། ། མཉམ་གཞག་ས་པའི་ཕྱིར་གཅིག་བྱས། ། རྩ་བ་མ་རིག་ཡིན་པས་ན། ། ལོགས་ཤིག་ཏུ་ནི་ཟག་པར་བསྟན། ། ཆུ་བོ་སྦྱོར་བའང་དེ་བཞིན་དུ། ། ལྟ་རྣམས་གསལ་ཕྱིར་ལོགས་ཤིག་བསྟན། ། ཟག་པར་མ་ཡིན་གྲོགས་མེད་རྣམས། ། འཇོག་པའི་རྗེས་སུ་མི་མཐུན་ལོ། ། ཇི་སྐད་བཤད་ཉིད་མ་རིག་བཅས། ། ཉེར་ལེན་རྣམས་ཏེ་ལྟ་རྣམ་གཉིས། ། ཕྱེ་བའི་ཕྱིར་རོ་མ་རིག་པ། ། འཛིན་པར་བྱེད་པ་མིན་ཕྱིར་བསྲེས། ། གང་ཕྱིར་དེ་དག་ཕྲ་བ་དང་། ། རྗེས་འབྲེལ་རྣམ་གཉིས་རྒྱས་འགྱུར་དང་། ། རྗེས་སུ་འབྲང་བས་དེ་ཡི་ཕྱིར། ། ཕྲ་རྒྱས་དག་ཏུ་བཤད་པ་ཡིན། ། དེ་དག་འཇོག་བྱེད་ཟག་བྱེད་དང་། ། འཁྱེར་བར་བྱེད་དང་འབྱར་བྱེད་དང་། ། ཉེ་བར་འཛིན་ཕྱིར་ཟག་ལ་སོགས། ། དེ་དག་གི་ནི་ངེས་ཚིག་ཡིན། ། དེ་དག་ཀུན་ཏུ་སྦྱོར་སོགས་ཀྱི། ། དབྱེ་བས་ཡང་རྣམ་ལྔར་བཤད་དོ། ། རྫས་དང་མཆོག་འཛིན་འདྲ་བའི་ཕྱིར། ། ལྟ་གཉིས་ཀུན་ཏུ་སྦྱོར་གཞན་ནོ། ། གང་ཕྱིར་གཉིས་ཀའང་གཅིག་ཏུ་ནི། ། མི་དགེ་རང་དབང་དེ་ཡི་ཕྱིར། ། ཕྲག་དོག་སེར་སྣ་དེ་དག་ལས། ། ལོགས་ཤིག་ཀུན་སྦྱོར་གཉིས་སུ་བཤད། ། ཐ་མའི་ཆ་དང་མཐུན་རྣམ་ལྔ། ། གཉིས་ཀྱིས་འདོད་ལས་མི་འདའ་ལ། ། གསུམ་པོ་ཡིས་ནི་ཕྱིར་ལྡོག་བྱེད། ། སྒོ་དང་རྩ་བ་བསྡུས་ཕྱིར་གསུམ། ། འགྲོ་མི་འདོད་དང་ལམ་ནོར་དང་། ། ལམ་ལ་ཐེ་ཚོམ་དེ་སྙེད་ཅིག ། ཐར་པ་བགྲོད་ལ་གེགས་བྱེད་པ། ། དེ་ཡི་ཕྱིར་ན་གསུམ་བསྟན་ཏོ། ། གོང་མའི་ཆ་དང་མཐུན་ལྔ་ཉིད། ། གཟུགས་དང་གཟུགས་མེད་ལས་སྐྱེས་པའི། ། འདོད་ཆགས་གཉིས་རྒོད་ང་རྒྱལ་རྨོངས། ། ཚོར་བའི་དབང་གིས་འཆིང་བ་གསུམ། ། ཉོན་མོངས་ལས་གཞན་ཉོན་མོངས་ཅན། ། སེམས་བྱུང་འདུ་བྱེད་ཕུང་ཞེས་པ། ། གང་དེའང་ཉེ་བའི་ཉོན་མོངས་ཏེ། ། དེ་དག་ཉོན་མོངས་ཞེས་མི་བྱ། ། ངོ་ཚ་མེད་དང་ཁྲེལ་མེད་དང་། ། ཕྲག་དོག་སེར་སྣ་རྒོད་པ་དང་། ། འགྱོད་དང་རྨུགས་དང་གཉིད་དང་ནི། ། ཀུན་ནས་དཀྲིས་པ་རྣམ་པ་བརྒྱད། ། ཁྲོ་དང་འཆབ་པའོ་འདོད་ཆགས་ཀྱིས། ། ངོ་ཚ་མེད་རྒོད་སེར་སྣ་བསླང་། ། འཆབ་པ་རྩོད་དོ་མ་རིག་ལས། ། རྨུགས་དང་གཉིད་དང་ཁྲེལ་མེད་དོ། ། ཐེ་ཚོམ་ལས་འགྱོད་ཁྲོ་བ་དང་། ། ཕྲག་དོག་ཁོང་ཁྲོའི་རྒྱུ་ལས་བྱུང་། ། གཞན་ཡང་ཉོན་མོངས་དྲི་མ་དྲུག ། སྒྱུ་དང་གཡོ་དང་རྒྱགས་པ་དང་། ། དེ་བཞིན་འཚིག་དང་འཁོན་འཛིན་དང་། ། རྣམ་འཚེ་སྒྱུ་དང་རྒྱགས་པ་ནི། ། འདོད་ཆགས་ལས་སྐྱེས་འཁོན་འཛིན་དང་། ། རྣམ་འཚེ་ཁོང་ཁྲོ་ལས་སྐྱེས་སོ། ། འཚིག་པ་ལྟ་བ་མཆོག་འཛིན་ལས། ། གཡོ་ནི་ལྟ་བས་ཀུན་ནས་བསླང་། ། དེ་ལས་ངོ་ཚ་མེད་པ་དང་། ། ཁྲེལ་མེད་རྨུགས་གཉིད་རྒོད་རྣམ་གཉིས། ། དེ་ལས་གཞན་ནི་སྒོམ་སྤང་བྱ། ། རང་དབང་དེ་བཞིན་དྲི་མ་རྣམས། ། འདོད་ན་མི་དགེ་གསུམ་རྣམ་གཉིས། ། དེ་ཡན་ཆད་ནི་ལུང་མ་བསྟན། ། འདོད་དང་བསམ་གཏན་དང་པོ་ན། ། གཡོ་སྒྱུ་ཚངས་པས་འདྲིད་ཕྱིར་རོ། ། རྨུགས་རྒོད་རྒྱགས་པ་ཁམས་གསུམ་ན། ། གཞན་དག་འདོད་ཁམས་ལས་སྐྱེས་པ། ། མཐོང་སྤང་བྱ་གཉིད་ང་རྒྱལ་བཅས། ། ཡིད་ཀྱི་རྣམ་ཤེས་ས་པ་ཡིན། ། ཉེ་བའི་ཉོན་མོངས་རང་དབང་ཡང་། ། གཞན་ནི་རྣམ་ཤེས་དྲུག་རྟེན་ཅན། ། བདེ་བ་དག་དང་འདོད་ཆགས་སུ། ། མཚུངས་ལྡན་ཞེ་སྡང་ལྡོག་པའོ། ། མ་རིག་པ་དག་ཐམས་ཅད་དང་། ། མེད་ལྟ་ཡིད་བདེ་སྡུག་བསྔལ་དང་། ། ཡིད་མི་བདེ་དང་ཐེ་ཚོམ་མོ། ། གཞན་ཡིད་བདེ་དང་འདོད་ལས་སྐྱེས། ། བཏང་སྙོམས་དང་ཀུན་ས་གོང་མ། ། ས་ཇི་བཞིན་དུ་རང་རང་དང་། ། འགྱོད་དང་ཕྲག་དོག་ཁྲོ་བ་དང་། ། རྣམ་འཚེ་འཁོན་དུ་འཛིན་པ་དང་། ། འཚིག་པ་ཡིད་མི་བདེ་བ་དང་། ། སེར་སྣ་དག་ནི་ལྡོག་པ་ཡིན། ། གཡོ་དང་སྒྱུ་དང་འཆབ་དང་གཉིད། ། གཉིས་ཀ་དང་ལྡན་བདེ་དག་དང་། ། རྒྱགས་པ་བཏང་སྙོམས་ཀུན་ཏུ་འགྲོ། ། བཞི་པོ་གཞན་ནི་ལྔ་དག་དང་། ། འདོད་ན་སྒྲིབ་རྣམས་མི་མཐུན་དང་། ། ཟས་དང་བྱ་བ་གཅིག་པའི་ཕྱིར། ། གཉིས་གཅིག་ཕུང་པོ་གནོད་བྱེད་དང་། ། ཐེ་ཚོམ་ཕྱིར་ན་ལྔ་ཉིད་དོ། ། དམིགས་པ་ཡོངས་སུ་ཤེས་པ་དང་། ། དེ་ལ་དམིགས་པ་ཡང་དག་པར། ། ཟད་དང་དམིགས་པ་སྤངས་པས་སོ། ། གཉེན་པོ་སྐྱེས་པས་ཟད་པར་འགྱུར། ། གཉེན་པོ་རྣམ་བཞི་སྤོང་བ་དང་། ། གཞི་དང་སྲིད་ཉིད་རྣམ་པར་ནི། ། སུན་འབྱིན་ཞེས་བྱ་དམིགས་པ་ལས། ། ཉོན་མོངས་པ་ནི་སྤང་བྱར་འདོད། ། མཚན་ཉིད་མི་མཐུན་མི་མཐུན་ཕྱོགས། ། ཡུལ་རྣམ་ཆད་དང་དུས་ཀྱིས་ཏེ། ། འབྱུང་དང་ཚུལ་ཁྲིམས་ཕྱོགས་དང་ནི། ། དུས་གཉིས་རིང་བ་ཉིད་ལྟ་བུའོ། ། ལན་ཅིག་ཏུ་ཟད་དེ་དག་གི། ། བྲལ་བའི་ཐོབ་པ་ཡང་དང་ཡང་། ། གཉེན་པོ་སྐྱེས་དང་འབྲས་ཐོབ་དང་། ། དབང་པོ་རྣམ་པར་འཕེལ་རྣམས་སུ། ། ཡོངས་སུ་ཤེས་དགུ་འདོད་པ་ན། ། དང་པོ་རྣམ་གཉིས་ཟད་ལ་གཅིག ། གཉིས་ཟད་པ་ནི་དེ་གཉིས་སོ། ། དེ་བཞིན་གོང་མའི་དེ་གསུམ་ཉིད། ། ཡོངས་སུ་ཤེས་པ་གཞན་གསུམ་སྟེ། ། ཐ་མའི་ཆ་དང་མཐུན་གཟུགས་དང་། ། ཟག་པ་ཀུན་ཟད་དྲུག་བཟོད་འབྲས། ། ལྷག་མ་རྣམས་ནི་ཤེས་པའི་ཡིན། ། མི་ལྕོགས་མེད་འབྲས་ཐམས་ཅད་དོ། ། བསམ་གཏན་རྣམས་ཀྱི་ལྔའམ་བརྒྱད། ། ཉེ་བར་བསྡོགས་པའི་གཅིག་ཡིན་ཏེ། ། གཟུགས་མེད་དངོས་གཞི་གསུམ་གྱི་ཡང་། ། ཐམས་ཅད་འཕགས་པའི་ལམ་གྱི་ཡིན། ། འཇིག་རྟེན་པའི་གཉིས་རྗེས་ཀྱི་ཡང་། ། ཆོས་ཤེས་པའི་ནི་གསུམ་ཡིན་ནོ། ། དེའི་ཕྱོགས་མཐུན་གྱི་དྲུག་དང་ལྔ། ། བྲལ་བའི་ཐོབ་པ་ཟག་མེད་དང་། ། སྲིད་རྩེ་ཉམས་པར་བྱས་པ་དང་། ། རྒྱུ་གཉིས་ཀུན་ཏུ་བཅོམ་པའི་ཕྱིར། ། ཡོངས་ཤེས་ཁམས་ལས་འདས་པ་ལས། ། གཅིག་མིན་མཐོང་ལ་གནས་པ་ནི། ། ལྔ་ཡི་བར་དང་ཡང་དག་ལྡན། ། སྒོམ་ལ་གནས་པ་དྲུག་གམ་ནི། ། གཅིག་གམ་ཡང་ན་གཉིས་དང་ངོ་། ། ཁམས་ལས་འདོད་ཆགས་བྲལ་བ་དང་། ། འབྲས་བུ་ཐོབ་ཕྱིར་དེ་དག་བསྡོམས། ། ལ་ལ་གཅིག་གཉིས་ལྔ་དང་དྲུག ། གཏོང་སྟེ་ཐོབ་པ་ལྔ་མིན་ནོ། ། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། ཕྲ་རྒྱས་བསྟན་པ་ཞེས་བྱ་བ་སྟེ་གནས་ལྔ་པའོ། ། [ལམ་དང་གང་ཟག་བསྟན་པ།]བདེན་པ་མཐོང་དང་སྒོམ་པ་ལས། ། ཉོན་མོངས་སྤངས་པ་ཞེས་བཤད་པ། ། སྒོམ་པའི་ལམ་ནི་རྣམ་གཉིས་ཏེ། ། མཐོང་བ་ཞེས་བྱ་ཟག་པ་མེད། ། བདེན་པ་དག་ནི་བཞིར་བཤད་དོ། ། སྡུག་བསྔལ་ཀུན་འབྱུང་དེ་བཞིན་དུ། ། འགོག་དང་ལམ་སྟེ་དེ་ལྟར་ན། ། དེ་དག་ཇི་ལྟར་མངོན་རྟོགས་རིམ། ། ཡིད་འོང་ཡིད་དུ་མི་འོང་དང་། ། དེ་ལས་གཞན་ཟག་བཅས་རྣམས་ཉིད། ། སྡུག་བསྔལ་ཉིད་གསུམ་ལྡན་པའི་ཕྱིར། ། ཅི་རིགས་མ་ལུས་སྡུག་བསྔལ་ལོ། ། གང་ལ་བཅོམ་དང་བློ་ཡིས་གཞན། ། བསལ་ན་དེ་བློ་མི་འཇུག་པ། ། བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། ། ཡོད་དེ་དོན་དམ་ཡོད་གཞན་ནོ། ། ཚུལ་གནས་ཐོས་དང་བསམ་ལྡན་པས། ། སྒོམ་པ་ལ་ནི་རབ་ཏུ་སྦྱོར། ། ཐོས་སོགས་ལས་བྱུང་བློ་རྣམས་ནི། ། མིང་དང་གཉིས་ཀ་དོན་ཡུལ་ཅན། ། བསྲིང་གཉིས་ལྡན་ཆོག་མི་ཤེས་དང་། ། འདོད་ཆེན་ཅན་ལ་མ་ཡིན་ནོ། ། རྙེད་ལ་ཡང་སྲེད་ཆོག་མི་ཤེས། ། མ་རྙེད་ལ་འདོད་འདོད་ཆེན་ཅན། ། བཟློག་པ་དེ་ཡི་གཉེན་པོ་དག ། དེ་གཉིས་ཁམས་གསུམ་གཏོགས་དྲི་མེད། ། མ་ཆགས་འཕགས་རིགས་དེ་དག་ལས། ། གསུམ་ནི་ཆོག་ཤེས་བདག་ཉིད་དོ། ། གསུམ་གྱིས་ཚུལ་བསྟན་ཐ་མས་ལས། ། སྲེད་པ་སྐྱེ་བའི་གཉེན་པོའི་ཕྱིར། ། བདག་གིར་བདག་འཛིན་དངོས་འདོད་པ། ། དེ་ཡི་དུས་དང་གཏན་ཞིའི་ཕྱིར། ། དེ་ལ་འཇུག་པ་མི་སྡུག་པ། ། དབུགས་རྔུབ་འབྱུང་བ་དྲན་པ་ཡིས། ། འདོད་ཆགས་རྣམ་རྟོག་ལྷག་རྣམས་སོ། ། ཀེང་རུས་ཆགས་བཅས་ཐམས་ཅད་ལ། ། རུས་པ་རྒྱ་མཚོའི་བར་དུ་ནི། ། སྤྲོ་ཞིང་སྡུད་པས་ལས་དང་པོ། ། རྐང་རུས་ནས་ནི་ཐོད་ཕྱེད་པར། ། བཏང་བས་སྦྱང་བ་བྱས་པར་བཤད། ། སྨིན་མའི་བར་དུ་སེམས་འཛིན་པས། ། ཡིད་ལ་བྱེད་པ་རྫོགས་པ་ཡིན། ། མི་སྡུག་མ་ཆགས་ས་བཅུ་དང་། ། དམིགས་པ་འདོད་སྣང་མིས་སྐྱེད་དོ། ། དབུགས་རྔུབ་དབུགས་འབྱུང་དྲན་པ་ནི། ། ཤེས་རབ་ས་ལྔ་སྤྱོད་ཡུལ་རླུང་། ། འདོད་རྟེན་ཕྱི་པའི་མ་ཡིན་ནོ། ། བགྲང་ལ་སོགས་པ་རྣམ་པ་དྲུག ། དབུགས་རྔུབ་དབུགས་འབྱུང་གང་ལས་ལུས། ། སེམས་ཅན་ཞེས་བྱ་མ་ཟིན་པའོ། ། རྒྱུ་མཐུན་ལས་བྱུང་འོག་མ་ཡི། ། ཡིད་ཀྱིས་དེ་གཉིས་མ་རྟོགས་སོ། ། ཞི་གནས་གྲུབ་པར་གྱུར་པ་ཡིས། ། དྲན་པ་ཉེར་གཞག་བསྒོམ་པར་བྱ། ། ལུས་ཚོར་སེམས་དང་ཆོས་རྣམས་ལ། ། མཚན་ཉིད་གཉིས་སུ་ཡོངས་བརྟགས་པས། ། ཤེས་རབ་ཐོས་སོགས་ལས་བྱུང་བའོ། ། གཞན་ནི་འབྲེལ་དང་དམིགས་པ་ལས། ། རིམ་ནི་ཇི་ལྟར་སྐྱེ་བ་བཞིན། ། ཕྱིན་ཅི་ལོག་གི་གཉེན་པོར་བཞི། ། དེ་ནི་ཆོས་དྲན་ཉེར་གཞག་པ། ། སྤྱི་ལ་དམིགས་པ་ལ་གནས་ཏེ། ། དེ་དག་ལ་ནི་མི་རྟག་དང་། ། སྡུག་བསྔལ་སྟོང་བདག་མེད་པར་བལྟ། ། དེ་ལས་དྲོ་བར་གྱུར་པ་འབྱུང་། ། དེ་ནི་བདེན་བཞིའི་སྤྱོད་ཡུལ་ཅན། ། རྣམ་པ་བཅུ་དྲུག་དྲོ་བ་ལས། ། རྩེ་མོ་དེ་ཡང་དེ་དང་འདྲ། ། གཉིས་ཀ་ཆོས་ཀྱིས་རྣམ་པ་གཏོད། ། གཞན་དག་གིས་ཀྱང་འཕེལ་བར་བྱེད། ། དེ་ལས་བཟོད་པ་གཉིས་དེ་བཞིན། ། ཐམས་ཅད་ཆོས་ཀྱིས་འཕེལ་བར་བྱེད། ། ཆེན་པོ་འདོད་གཏོགས་སྡུག་བསྔལ་ཡུལ། ། དེ་ནི་སྐད་ཅིག་གཅིག་དེ་བཞིན། ། ཆོས་མཆོག་ཐམས་ཅད་ཕུང་པོ་ལྔ། ། ཐོབ་པ་མ་གཏོགས་དེ་ལྟར་ན། ། ངེས་འབྱེད་ཆ་མཐུན་རྣམ་པ་བཞི། ། སྒོམ་བྱུང་མི་ལྕོགས་མེད་པ་དང་། ། ཁྱད་པར་བསམ་གཏན་ས་པའོ། ། གཉིས་ནི་འོག་ནའང་ཡོད་པའམ། ། འདོད་རྟེན་ཆོས་མཆོག་བུད་མེད་ཀྱིས། ། གཉིས་ཀའི་རྟེན་ཅན་འཐོབ་པར་འགྱུར། ། འཕགས་པས་དེ་དག་ས་བོར་ནས། ། གཏོང་ངོ་འཕགས་མིན་འཆི་བས་སོ། ། དང་པོ་གཉིས་ཡོངས་ཉམས་པས་ཀྱང་། ། དངོས་གཞི་དེ་ཉིད་ལ་བདེན་མཐོང་། ། རྣམ་པར་ཉམས་ཚེ་སྔོན་མེད་འཐོབ། ། ཉམས་པ་གཉིས་ནི་མི་ལྡན་པ། ། རྩེ་མོ་ཐོབ་པ་རྩ་མི་འཆད། ། བཟོད་ཐོབ་ངན་སོང་མི་འགྲོའོ། ། གཉིས་སློབ་རིགས་ལས་བཟློག་ནས་ནི། ། སངས་རྒྱས་སུ་འགྱུར་གཞན་གསུམ་ཡང་། ། སྟོན་དང་བསེ་རུ་བྱང་ཆུབ་བར། ། བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། ། དེ་ཡི་སྔོན་དུ་ཐར་ཆ་མཐུན། ། མྱུར་བ་སྲིད་པ་གསུམ་གྱིས་ཐར། ། ཐོས་བསམ་ལས་བྱུང་ལས་གསུམ་མོ། ། མི་ཡི་ནང་ནས་འཕེན་པར་བྱེད། ། འཇིག་རྟེན་པ་ཡི་ཆོས་མཆོག་ལས། ། ཆོས་ཀྱི་བཟོད་པ་ཟག་པ་མེད། ། འདོད་སྡུག་བསྔལ་ལ་དེ་ནས་ནི། ། དེ་ཉིད་ལ་ཆོས་ཤེས་དེ་བཞིན། ། སྡུག་བསྔལ་ལྷག་ལ་རྗེས་བཟོད་ཤེས། ། བདེན་པ་གསུམ་ལའང་དེ་བཞིན་ནོ། ། དེ་ལྟར་བདེན་པ་མངོན་རྟོགས་འདི། ། སེམས་བཅུ་དྲུག་གོ་རྣམ་གསུམ་སྟེ། ། མཐོང་དམིགས་བྱ་བ་ཞེས་བྱ་བའོ། ། དེ་ནི་ཆོས་མཆོག་དང་ས་གཅིག ། བཟོད་དང་ཤེས་པ་གོ་རིམ་བཞིན། ། བར་ཆད་མེད་དང་རྣམ་གྲོལ་ལམ། ། དེ་ལ་སྐད་ཅིག་བཅོ་ལྔ་ནི། ། མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། ། དབང་པོ་རྣོ་རྟུལ་དེ་དག་ཏུ། ། དད་དང་ཆོས་ཀྱི་རྗེས་འབྲང་བ། ། སྒོམ་པས་སྤང་བྱ་མ་སྤངས་ན། ། འབྲས་བུ་དང་པོ་ལ་ཞུགས་པ། ། རྣམ་ལྔའི་བར་བཅོམ་གཉིས་པ་ལ། ། དགུ་པ་ཚུན་ཆད་ཟད་པ་ཡིན། ། འདོད་པའམ་ཡང་ན་གོང་མ་ལས། ། ཆགས་བྲལ་གསུམ་པ་ལ་ཞུགས་པ། ། གང་ཞིག་གང་ལ་ཞུགས་པ་ནི། ། བཅུ་དྲུག་པ་ལ་དེ་འབྲས་གནས། ། དེ་ཚེ་དབང་པོ་རྣོ་རྟུལ་དག ། དད་པས་མོས་དང་མཐོང་བས་ཐོབ། ། འབྲས་ཐོབ་འབྲས་བུ་ཁྱད་པར་གྱི། ། ལམ་ཐོབ་མེད་པས་དེ་ཡི་ཕྱིར། ། འབྲས་གནས་ཁྱད་པར་བྱ་བའི་ཕྱིར། ། མི་བརྩོན་པ་ནི་ཞུགས་མ་ཡིན། ། ས་དང་ས་ན་ཉེས་རྣམ་དགུ། ། དེ་བཞིན་དུ་ནི་ཡོན་ཏན་རྣམས། ། ཆུང་དང་འབྲིང་དང་ཆེ་རྣམས་ཀྱི། ། ཆུང་ངུ་ལ་སོགས་ཐ་དད་ཕྱིར། ། འབྲས་གནས་སྒོམ་སྤང་བྱ་མ་ཟད། ། རེ་ལྟར་ཐོགས་ན་ལན་བདུན་པ། ། རྣམ་གསུམ་རྣམ་བཞི་ལས་གྲོལ་བ། ། ཚེ་གཉིས་གསུམ་དུ་རིགས་ནས་རིགས། ། རྣམ་པ་ལྔ་ཡི་བར་བཅོམ་པ། ། གཉིས་པ་ལ་ནི་ཞུགས་པའང་ཡིན། ། རྣམ་པ་དྲུག་པ་ཟད་གྱུར་པ། ། དེ་ནི་ལན་ཅིག་ཕྱིར་འོང་བ། ། ཉེས་ཆ་བདུན་དང་བརྒྱད་ཟད་པ། ། ཚེ་གཅིག་བར་ཆད་གཅིག་པ་དང་། ། གསུམ་པ་ལ་ནི་ཞུགས་པའང་ཡིན། ། དེ་དགུ་ཟད་པ་ཕྱིར་མི་འོང་། ། དེ་ནི་བར་སྐྱེས་འདུ་བྱེད་དང་། ། འདུ་བྱེད་མེད་ཡོངས་མྱ་ངན་འདའ། ། གོང་དུ་འཕོ་བ་རྣམས་དེ་ནི། ། བསམ་གཏན་སྤེལ་ན་འོག་མིན་འགྲོ། ། དེ་འཕར་ཕྱེད་འཕར་ཐམས་ཅད་དུ། ། འཆི་འཕོ་གཞན་སྲིད་རྩེ་མོར་འགྲོ། ། གཞན་ནི་གཟུགས་མེད་འགྲོ་རྣམ་བཞི། ། གཞན་ནི་འདི་ལ་མྱ་ངན་འདའ། ། གསུམ་ལ་ཡང་རྣམ་གསུམ་ཕྱེ་ནས། ། གཟུགས་སུ་ཉེར་འགྲོ་དགུར་བཤད་དོ། ། དེ་དག་གི་ནི་ཁྱད་པར་རྣམས། ། ལས་དབང་ཉོན་མོངས་བྱེ་བྲག་ལས། ། གོང་དུ་འཕོ་བ་མ་ཕྱེ་བར། ། དམ་པའི་འགྲོ་བ་བདུན་དུ་འདོད། ། དམ་པ་དམ་མིན་འཇུག་མི་འཇུག ། སོན་པ་ཕྱིར་མི་འོང་ཕྱིར་དེ། ། འདོད་པར་ཚེ་ཡོངས་གྱུར་པའི་འཕགས། ། ཁམས་གཞན་དུ་ནི་འགྲོ་བ་མེད། ། དེ་དང་གོང་མར་སྐྱེས་པ་ནི། ། ཡོངས་ཉམས་དབང་པོ་འཕོ་མི་སྟེན། ། དང་པོ་བཞི་པ་སྤེལ་བར་བྱེད། ། སྐད་ཅིག་མ་ནི་བསྲེས་པས་གྲུབ། ། སྐྱེ་དང་གནས་པར་བྱ་ཕྱིར་དང་། ། ཉོན་མོངས་པས་ནི་འཇིགས་ཕྱིར་ཡང་། ། དེ་ནི་རྣམ་པ་ལྔ་ཡི་ཕྱིར། ། གནས་གཙང་སྐྱེ་བ་ལྔ་ཁོ་ན། ། འགོག་པ་ཐོབ་པའི་ཕྱིར་མི་འོང་། ། ལུས་ཀྱིས་མངོན་སུམ་བྱེད་པར་འདོད། ། སྲིད་རྩེའི་བར་ཆ་བརྒྱད་ཟད་པ། ། དགྲ་བཅོམ་ཉིད་ལ་ཞུགས་པ་ཡིན། ། དགུ་པའི་བར་ཆད་མེད་ལམ་ཡང་། ། དེ་ནི་རྡོ་རྗེ་ལྟ་བུ་ཡིན། ། དེ་ཟད་ཐོབ་དང་ཟད་པ་ཤེས། ། དེ་ཚེ་དེ་མི་སློབ་དགྲ་བཅོམ། ། འཇིག་རྟེན་འདས་ཀྱི་སྲིད་རྩེ་ལས། ། ཆགས་བྲལ་གཞན་ལས་རྣམ་པ་གཉིས། ། འཇིག་རྟེན་པ་ཡིས་ཆགས་བྲལ་བའི། ། འཕགས་ལ་བྲལ་བའི་ཐོབ་རྣམ་གཉིས། ། ཁ་ཅིག་འཇིག་རྟེན་འདས་ཀྱིས་ཀྱང་། ། བཏང་ལ་ཉོན་མོངས་མི་ལྡན་ཕྱིར། ། སྲིད་རྩེའི་ཕྱེད་ལས་རྣམ་གྲོལ་དང་། ། གོང་དུ་སྐྱེས་པ་བཞིན་མི་ལྡན། ། ཟག་མེད་མི་ལྕོགས་མེད་པ་ཡིས། ། ཐམས་ཅད་ལས་ནི་འདོད་ཆགས་བྲལ། ། ས་གསུམ་རྒྱལ་ལ་བསམ་གཏན་ནམ། ། ཉེར་བསྡོགས་ལས་མཐའི་རྣམ་གྲོལ་ལམ། ། གོང་མའི་ཉེར་བསྡོགས་ལས་མིན་འཕགས། ། བརྒྱད་ཀྱིས་རང་གོང་ས་ལས་རྒྱལ། ། འཇིག་རྟེན་པ་ཡི་རྣམ་གྲོལ་དང་། ། བར་ཆད་མེད་ལམ་གོ་རིམ་བཞིན། ། ཞི་སོགས་རགས་སོགས་རྣམ་པ་ཅན། ། གོང་དང་འོག་མའི་སྤྱོད་ཡུལ་ཅན། ། གལ་ཏེ་མི་གཡོའི་ཟད་ཤེས་ལས། ། མི་སྐྱེའི་བློ་གྲོས་གལ་ཏེ་མིན། ། ཟད་པ་ཤེས་སམ་མི་སློབ་ལྟ། ། དེ་ནི་དགྲ་བཅོམ་ཐམས་ཅད་ལ། ། དགེ་སྦྱོང་ཚུལ་ནི་དྲི་མེད་ལམ། ། འབྲས་བུ་འདུས་བྱས་འདུས་མ་བྱས། ། དེ་དག་བརྒྱད་ཅུ་རྩ་དགུའོ། ། གྲོལ་ལམ་ཟད་པ་རྣམས་དང་བཅས། ། འབྲས་བུ་བཞིར་རྣམ་གཞག་པ་ནི། ། རྒྱུ་ལྔ་དག་ནི་སྲིད་ཕྱིར་རོ། ། འབྲས་ལ་སྔོན་ལམ་གཏོང་བ་དང་། ། གཞན་ཐོབ་པ་དང་ཟད་བསྡོམས་དང་། ། ཤེས་པ་བརྒྱད་ཚན་ཐོབ་པ་དང་། ། རྣམ་པ་བཅུ་དྲུག་ཐོབ་པའོ། ། འཇིག་རྟེན་པ་ཡིས་ཐོབ་འབྲས་ནི། ། བསྲེས་དང་ཟག་མེད་ཐོབ་འཛིན་ཕྱིར། ། དེ་ཉིད་ཚངས་ཚུལ་ཚངས་པ་ཡི། ། འཁོར་ལོ་ཚངས་པས་བསྐོར་ཕྱིར་རོ། ། ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ། ། མྱུར་བར་འགྲོ་སོགས་རྩིབས་སོགས་ཀྱིས། ། འདོད་པར་གསུམ་ཐོབ་ཐ་མ་ནི། ། གསུམ་དུའོ་གོང་ན་མཐོང་ལམ་མེད། ། མི་སྐྱོ་ལུང་ལས་འདིར་རྩོམ་ཞིང་། ། དེར་མཐར་ཕྱིན་ཅེས་འབྱུང་ཕྱིར་རོ། ། དགྲ་བཅོམ་དྲུག་འདོད་དེ་དག་ལས། ། ལྔ་ནི་དད་པས་མོས་ལས་སྐྱེས། ། དེ་དག་རྣམ་གྲོལ་དུས་དང་སྦྱོར། ། མི་གཡོའི་ཆོས་ཅན་མི་གཡོ་བ། ། དེ་ཕྱིར་དེ་དུས་མི་སྦྱོར་གྲོལ། ། དེ་ནི་མཐོང་ཐོབ་རྒྱུ་ལས་བྱུང་། ། ཁ་ཅིག་དང་པོ་ནས་དེའི་རིགས། ། ཁ་ཅིག་སྦྱངས་པ་ལས་གྱུར་ཏོ། ། བཞི་ནི་རིགས་ལས་ལྔ་འབྲས་ལས། ། ཉམས་འགྱུར་དང་པོ་ལས་མ་ཡིན། ། སློབ་དང་འཕགས་མིན་རིགས་དྲུག་ལྡན། ། མཐོང་བ་ལ་ནི་འཕོ་བ་མེད། ། ཐོབ་དང་མ་ཐོབ་ཉེར་སྤྱད་ལས། ། ཡོངས་ཉམས་རྣམ་པ་གསུམ་ཞེས་བྱ། ། སྟོན་ལ་ཐ་མ་མི་གཡོ་ལ། ། བར་མའང་གཞན་ལ་རྣམ་གསུམ་མོ། ། འབྲས་ལས་ཉམས་པ་འཆི་བ་མེད། ། བྱ་བ་མ་ཡིན་དེ་མི་བྱེད། ། མི་གཡོ་རྣམ་གྲོལ་བར་ཆད་མེད། ། ལམ་དགུའོ་ཤིན་ཏུ་བསྟེན་ཕྱིར་རོ། ། མཐོང་བས་ཐོབ་ལ་རེ་རེའོ། ། ཟག་མེད་མི་ཡི་ནང་དུ་འཕོ། ། མི་སློབ་ས་དགུ་ལ་བརྟེན་ཏེ། ། སློབ་པ་དྲུག་ལ་གང་གི་ཕྱིར། ། འཕེལ་བ་འབྲས་བུ་ཁྱད་པར་ཅན། ། བཏང་སྟེ་འབྲས་བུ་ཐོབ་པར་འགྱུར། ། སངས་རྒྱས་གཉིས་དང་ཉན་ཐོས་བདུན། ། དེ་དགུ་དབང་པོ་རྣམ་དགུ་ཅན། ། གང་ཟག་བདུན་པོ་སྦྱོར་བ་དང་། ། དབང་པོ་སྙོམས་འཇུག་རྣམ་གྲོལ་དང་། ། གཉིས་ཀས་བྱས་པའོ་དེ་དག་དྲུག ། འདི་ལྟར་ལམ་གསུམ་ལ་གཉིས་གཉིས། ། འགོག་ཐོབ་གཉིས་ཀ་ལས་རྣམ་གྲོལ། ། ཤེས་རབ་ཀྱིས་ནི་ཅིག་ཤོས་སོ། ། སྙོམས་འཇུག་དབང་པོ་འབྲས་རྣམས་ཀྱིས། ། སློབ་པ་ཡོངས་རྫོགས་ཤེས་བྱའོ། ། གཉིས་ཀྱིས་མི་སློབ་ཡོངས་སུ་རྫོགས། ། མདོར་ན་ལམ་ནི་རྣམ་བཞི་སྟེ། ། ཁྱད་པར་ཅན་དང་རྣམ་གྲོལ་དང་། ། བར་ཆད་མེད་དང་སྦྱོར་ཞེས་བྱ། ། བསམ་གཏན་དག་གི་ལམ་རྣམས་སླ། ། ས་གཞན་དག་གི་དཀའ་བ་ཡིན། ། བློ་རྟུལ་མངོན་ཤེས་བུལ་བ་སྟེ། ། ཅིག་ཤོས་ཀྱི་ནི་མངོན་ཤེས་མྱུར། ། ཟད་དང་མི་སྐྱེ་ཤེས་པ་ནི། ། བྱང་ཆུབ་དེ་དང་མཐུན་ཉིད་ཕྱིར། ། སུམ་ཅུ་རྩ་བདུན་དེའི་ཕྱོགས་མཐུན། ། མིང་གི་སྒོ་ནས་རྫས་སུ་བཅུ། ། དད་དང་བརྩོན་འགྲུས་དྲན་པ་དང་། ། ཤེས་རབ་ཏིང་འཛིན་བཏང་སྙོམས་དགའ། ། རྟོག་དང་ཚུལ་ཁྲིམས་ཤིན་ཏུ་སྦྱངས། ། དྲན་པ་ཉེར་གཞག་ཤེས་རབ་སྟེ། ། བརྩོན་འགྲུས་ཡང་དག་འཇོག་ཅེས་བྱ། ། རྫུ་འཕྲུལ་རྐང་པ་ཏིང་འཛིན་ཏོ། ། གཙོ་བོ་སྨོས་པ་དེ་དག་ནི། ། སྦྱོར་བྱུང་ཡོན་ཏན་ཀུན་ཀྱང་ཡིན། ། སྡེ་ཚན་བདུན་ནི་གོ་རིམ་བཞིན། ། ལས་ནི་དང་པོ་པ་དག་དང་། ། ངེས་འབྱེད་ཆ་མཐུན་རྣམས་དང་ནི། ། སྒོམ་དང་མཐོང་ལ་རབ་ཏུ་ཕྱེ། ། བྱང་ཆུབ་ཡན་ལག་ལམ་ཡན་ལག ། ཟག་པ་མེད་གཞན་རྣམ་གཉིས་སོ། ། བསམ་གཏན་དང་པོ་ན་ཐམས་ཅད། ། མི་ལྕོགས་མེད་ན་དགའ་མ་གཏོགས། ། གཉིས་པ་ན་ནི་རྟོག་མ་གཏོགས། ། གཉིས་ན་དེ་གཉིས་མ་གཏོགས་པ། ། བསམ་གཏན་བར་ནའང་གཟུགས་མེད་པ། ། གསུམ་ནའང་དེ་དང་ཚུལ་ཡན་ལག ། བྱང་ཆུབ་དང་ནི་ལམ་ཡན་ལག ། མ་གཏོགས་འདོད་ཁམས་སྲིད་རྩེ་ན། ། བདེན་གསུམ་མཐོང་ན་ཚུལ་ཁྲིམས་དང་། ། ཆོས་ལ་ཤེས་ནས་དད་པ་འཐོབ། ། ལམ་མངོན་རྟོགས་ན་སངས་རྒྱས་དང་། ། དེ་ཡི་དགེ་འདུན་དག་ལ་ཡང་། ། ཆོས་བདེན་གསུམ་དང་རང་སངས་རྒྱས། ། བྱང་ཆུབ་སེམས་དཔའི་ལམ་ཡིན་ནོ། ། རྫས་སུ་གཉིས་ཏེ་དད་པ་དང་། ། ཚུལ་ཁྲིམས་དྲི་མ་མེད་པ་ཡིན། ། བཅིངས་ཕྱིར་སློབ་པའི་ཡན་ལག་ཏུ། ། རྣམ་གྲོལ་མ་བཤད་དེ་རྣམ་གཉིས། ། ཉོན་མོངས་བཅོམ་པ་འདུས་མ་བྱས། ། མོས་པ་འདུས་བྱས་ཡན་ལག་ནི། ། དེ་ཡིན་དེ་ཉིད་རྣམ་གྲོལ་གཉིས། ། བྱང་ཆུབ་ཇི་སྐད་བཤད་ཤེས་པ། ། མི་སློབ་སེམས་ནི་སྐྱེ་འགྱུར་བ། ། སྒྲིབ་པ་ལས་ནི་རྣམ་གྲོལ་འགྱུར། ། འགག་པར་འགྱུར་བའི་ལམ་གྱིས་ནི། ། དེ་ཡི་སྒྲིབ་པ་རབ་ཏུ་སྤོང་། ། འདུས་མ་བྱས་ཉིད་ཁམས་ཞེས་བྱ། ། འདོད་ཆགས་ཀུན་ཟད་འདོད་ཆགས་བྲལ། ། སྤངས་པའི་ཁམས་ནི་གཞན་དག་གོ ། འགོག་པའི་ཁམས་ཞེས་བྱ་བ་གཞི། ། སྡུག་བསྔལ་རྒྱུ་བཟོད་ཤེས་རྣམས་ཀྱིས། ། ཡིད་འབྱུང་གང་གིས་སྤོང་འགྱུར་བ། ། ཀུན་གྱིས་འདོད་ཆགས་བྲལ་བར་འགྱུར། ། དེ་ལྟར་ན་ནི་མུ་བཞི་སྲིད། ། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། ལམ་དང་གང་ཟག་བསྟན་པ་ཞེས་བྱ་བ་སྟེ་གནས་དྲུག་པའོ། ། [ཡེ་ཤེས་བསྟན་པ།]དྲི་མེད་བཟོད་རྣམས་ཤེས་པ་མིན། ། ཟད་དང་མི་སྐྱེའི་བློ་ལྟ་མིན། ། དེ་ལས་གཞན་འཕགས་བློ་གཉིས་ཀ། ། གཞན་ཤེས་དྲུག་ནི་ལྟ་བའང་ཡིན། ། ཤེས་པ་ཟག་བཅས་ཟག་པ་མེད། ། དང་པོ་ཀུན་རྫོབ་ཅེས་བྱའོ། ། ཟག་མེད་རྣམ་གཉིས་ཆོས་དང་ནི། ། རྗེས་སུ་ཤེས་པ་ཁོ་ན་ཡིན། ། ཀུན་རྫོབ་ཡུལ་ནི་ཐམས་ཅད་དོ། ། ཆོས་ཤེས་བྱ་བའི་སྤྱོད་ཡུལ་ནི། ། འདོད་སྡུག་བསྔལ་སོགས་རྗེས་ཤེས་པའི། ། སྤྱོད་ཡུལ་གོང་མའི་སྡུག་བསྔལ་སོགས། ། དེ་དག་ཉིད་བདེན་བྱེ་བྲག་གིས། ། བཞི་སྟེ་རྣམ་བཞི་དེ་དག་ནི། ། མི་སྐྱེ་བ་དང་ཟད་པ་ཤེས། ། དེ་གཉིས་དང་པོ་སྐྱེས་པ་ནི། ། སྡུག་བསྔལ་རྒྱུ་རྗེས་ཤེས་པ་ཡིན། ། བཞི་ལས་ཕ་རོལ་སེམས་རིག་པ། ། དེས་ནི་ས་དབང་གང་ཟག་འདས། ། ཞིག་དང་མ་སྐྱེས་མི་རིག་གོ ། ཆོས་རྗེས་བློ་ཕྱོགས་ཕན་ཚུན་མིན། ། ཉན་ཐོས་མཐོང་བའི་སྐད་ཅིག་གཉིས། ། རིག་སྟེ་བསེ་རུ་ལྟ་བུས་གསུམ། ། སངས་རྒྱས་སྦྱོར་བ་མེད་པར་ཀུན། ། ཟད་པར་ཤེས་པ་བདེན་རྣམས་ལ། ། ཡོངས་ཤེས་ལ་སོགས་ངེས་པའོ། ། ཡོངས་ཤེས་བྱར་མེད་ཅེས་ལ་སོགས། ། མི་སྐྱེ་བ་ཡི་བློ་འདོད་དོ། ། རང་བཞིན་དང་ནི་གཉེན་པོ་དང་། ། རྣམ་པ་རྣམ་པ་སྤྱོད་ཡུལ་དང་། ། སྦྱོར་དང་བྱ་བ་བྱས་ཉིད་དང་། ། རྒྱུ་རྒྱས་པ་ལས་བཅུ་ཡིན་ནོ། ། སྒོམ་པའི་ལམ་ལ་འགོག་པའམ། ། ལམ་ལ་ཆོས་ཤེས་གང་ཡིན་དེ། ། ཁམས་གསུམ་གྱི་ནི་གཉེན་པོ་ཡིན། ། འདོད་པའི་ཁམས་ཀྱི་རྗེས་མ་ཡིན། ། ཆོས་ཤེས་པ་དང་རྗེས་སུ་ཤེས། ། རྣམ་པ་བཅུ་དྲུག་ཀུན་རྫོབ་ནི། ། དེ་བཞིན་གཞན་དུའང་རང་རང་གི ། བདེན་པའི་རྣམ་པས་བཞི་ཡིན་ནོ། ། ཕ་རོལ་ཡིད་ཤེས་དྲི་མེད་ཀྱང་། ། དེ་བཞིན་དྲི་མ་དང་བཅས་ནི། ། ཤེས་བྱ་རང་གི་མཚན་ཉིད་རྣམ། ། རྫས་རེ་རེ་ཞིག་སྤྱོད་ཡུལ་ལོ། ། ལྷག་མ་རྣམ་པ་བཅུ་བཞི་ཅན། ། སྟོང་དང་བདག་མེད་མ་གཏོགས་སོ། ། དྲི་མེད་བཅུ་དྲུག་གཞན་རྣམ་མེད། ། གཞན་ཡོད་ཅེས་པ་བསྟན་བཅོས་ལས། ། རྫས་སུ་རྣམ་པ་བཅུ་དྲུག་གོ ། རྣམ་པ་ཤེས་རབ་དང་བཅས་པའི། ། དམིགས་དང་བཅས་པས་འཛིན་པར་བྱེད། ། ཡོད་པ་ཐམས་ཅད་གཟུང་བྱ་ཡིན། ། དང་པོ་རྣམ་གསུམ་གཞན་རྣམས་དགེ ། དང་པོ་ས་རྣམས་ཐམས་ཅད་ན། ། དྲུག་ན་ཆོས་ཤེས་བྱ་བར་དགུ། ། རྗེས་ཤེས་བྱ་བ་དེ་བཞིན་དྲུག ། གཞན་ཡིད་ཤེས་པ་བསམ་གཏན་བཞི། ། དེ་ནི་འདོད་དང་གཟུགས་རྟེན་ཅན། ། ཆོས་ཤེས་བྱ་བ་འདོད་རྟེན་ཅན། ། ཁམས་གསུམ་པ་ཡི་རྟེན་ཅན་གཞན། ། འགོག་བློ་དྲན་པ་ཉེར་གཞག་པ། ། གཅིག་སྟེ་ཕ་རོལ་སེམས་བློ་ནི། ། གསུམ་མོ་ལྷག་མ་བཞི་ཡིན་ནོ། ། ཆོས་བློའི་སྤྱོད་ཡུལ་དགུ་ཡིན་ནོ། ། ལམ་རྗེས་བློ་ཡི་དགུ་ཡིན་ནོ། ། སྡུག་བསྔལ་རྒྱུ་བློའི་གཉིས་ཡིན་ནོ། ། བཞི་ཡི་བཅུ་ཡིན་གཅིག་གི་མིན། ། ཆོས་བཅུ་དག་ནི་སྦྱར་བར་བྱ། ། ཁམས་གསུམ་པ་དང་དྲི་མེད་ཆོས། ། འདུས་མ་བྱས་རྣམ་གཉིས་གཉིས་སོ། ། ཀུན་རྫོབ་གཅིག་པུས་རང་ཚོགས་ལས། ། གཞན་ནི་བདག་མེད་ཉིད་རིག་འགྱུར། ། ཟག་མེད་སྐད་ཅིག་དང་པོ་ལ། ། ཆགས་ཅན་ཤེས་པ་གཅིག་དང་ལྡན། ། གཉིས་པ་ལ་གསུམ་ཡན་ཆད་ནི། ། བཞི་ལ་རེ་རེ་འཕེལ་དང་ལྡན། ། མཐོང་བའི་ལམ་ལ་བཟོད་པ་དང་། ། ཤེས་པ་ཇི་ལྟར་སྐྱེས་པ་རྣམས། ། མ་འོངས་པ་ཐོབ་དེ་ཉིད་ལ། ། རྗེས་གསུམ་ལ་ནི་ཀུན་རྫོབ་ཀྱང་། ། དེ་ཕྱིར་མངོན་རྟོགས་མཐའ་ཞེས་བྱ། ། དེ་ནི་མི་སྐྱེའི་ཆོས་ཅན་ཡིན། ། རང་དང་འོག་ས་འགོག་པའི་མཐའ། ། རང་བདེན་རྣམ་ཅན་འབད་ལས་བྱུང་། ། ཆགས་བཅས་བཅུ་དྲུག་པ་ལ་དྲུག ། འདོད་ལས་ཆགས་དང་བྲལ་བས་བདུན། ། དེ་ཡི་གོང་མ་ཆགས་བཅས་ཀྱི། ། སྒོམ་པའི་ལམ་ལ་བདུན་ཐོབ་བོ། ། ས་བདུན་ལས་རྒྱལ་མངོན་ཤེས་དང་། ། མི་གཡོ་ཐོབ་དང་སྤེལ་སྒོམ་པའི། ། བར་ཆད་མེད་པའི་ལམ་དག་དང་། ། གོང་མའི་གྲོལ་བའི་ལམ་བརྒྱད་ལའང་། ། སློབ་པ་སྦྱོང་བའི་གྲོལ་བ་ལ། ། ཤེས་པ་དྲུག་དང་བདུན་འཐོབ་བམ། ། བར་ཆད་མེད་པའི་ལམ་ལ་དྲུག ། དེ་བཞིན་སྲིད་རྩེ་རྣམ་རྒྱལ་ལའང་། ། ཟད་པ་ཤེས་པ་ལ་དགུ་འོ། ། མི་གཡོ་བས་ནི་བཅུ་ཐོབ་བོ། ། དེར་འཕོ་གྲོལ་བའི་ཐ་མ་ལའང་། ། བཤད་པའི་ལྷག་མ་ལ་བརྒྱད་འཐོབ། ། གང་ལས་ཆགས་བྲལ་བྱ་ཕྱིར་གང་། ། ཐོབ་པ་དེར་ཡང་འོག་མའང་འཐོབ། ། ཟད་པ་ཤེས་ལ་ཟག་བཅས་ཀྱང་། ། ས་ཀུན་སྔོན་རྙེད་མི་ཐོབ་བོ། ། རྙེད་དང་བསྟེན་ཅེས་བྱ་བ་ནི། ། དགེ་བ་འདུས་བྱས་ཐོབ་པའོ། ། གཉེན་པོ་དང་ནི་ཐག་སྲིང་བའི། ། ཐོབ་པ་ཟག་དང་བཅས་པའི་ཡིན། ། སངས་རྒྱས་ཆོས་ནི་མ་འདྲེས་པ། ། སྟོབས་ལ་སོགས་པ་བཅོ་བརྒྱད་དོ། ། གནས་དང་གནས་མིན་ཤེས་པ་བཅུ། ། ལས་འབྲས་ལ་བརྒྱད་བསམ་གཏན་སོགས། ། དབང་པོ་མོས་དང་ཁམས་ལ་ནི། ། དགུའོ་ལམ་དག་ལ་བཅུའམ། ། གཉིས་ནི་ཀུན་རྫོབ་ཤེས་པ་ཡིན། ། ཟད་པ་དྲུག་གམ་བཅུ་ཡིན་ནོ། ། སྔོན་གནས་འཆི་འཕོ་སྐྱེ་བའི་སྟོབས། ། བསམ་གཏན་དག་ན་ལྷག་མ་ནི། ། ས་རྣམས་ཀུན་ན་ཅི་ཡི་ཕྱིར། ། འདིའི་སྟོབས་གང་ཕྱིར་ཐོགས་མི་མངའ། ། སྐུ་ལ་སྲེད་མེད་བུ་ཡི་སྟོབས། ། གཞན་དག་ཚིགས་ན་གླང་ཆེན་སོགས། ། བདུན་བཅུས་གླགས་པའི་སྟོབས་ཡིན་ནོ། ། དེ་ནི་རེག་བྱའི་སྐྱེ་མཆེད་དོ། ། མི་འཇིགས་པ་ནི་རྣམ་པ་བཞི། ། ཇི་ལྟར་སྟོབས་ནི་དང་པོ་དང་། ། བཅུ་པ་གཉིས་པ་བདུན་པ་བཞིན། ། དྲན་དང་ཤེས་བཞིན་བདག་ཉིད་གསུམ། ། ཐུགས་རྗེ་ཆེན་པོ་ཀུན་རྫོབ་བློ། ། ཚོགས་དང་རྣམ་པ་སྤྱོད་ཡུལ་དང་། ། མཉམ་པའི་ཕྱིར་དང་ཆེས་ཆེའི་ཕྱིར། ། ཐ་དད་བྱ་བ་རྣམ་པ་བརྒྱད། ། སངས་རྒྱས་ཐམས་ཅད་ཚོགས་དང་ནི། ། ཆོས་སྐུ་འགྲོ་བའི་དོན་སྤྱོད་པས། ། མཉམ་པ་ཉིད་དེ་སྐུ་ཚེ་དང་། ། རིགས་དང་སྐུ་བོང་ཚོད་ཀྱིས་མིན། ། ཆོས་གཞན་སློབ་དང་ཐུན་མོང་ཡིན། ། ཁ་ཅིག་སོ་སོའི་སྐྱེ་བོ་དང་། ། ཉོན་མོངས་མེད་དང་སྨོན་གནས་ཤེས། ། སོ་སོ་ཡང་དག་རིག་མངོན་སོགས། ། ཉོན་མོངས་མེད་པ་ཀུན་རྫོབ་ཤེས། ། བསམ་གཏན་མཐའ་ན་མི་གཡོའི་ཆོས། ། མིས་སྐྱེད་ཉོན་མོངས་འདོད་གཏོགས་པ། ། མ་སྐྱེས་གཞིར་བཅས་སྤྱོད་ཡུལ་ཅན། ། སྨོན་ནས་ཤེས་པའང་དེ་བཞིན་ནོ། ། དེ་ཡི་དམིགས་པ་ཐམས་ཅད་དོ། ། དེ་བཞིན་ཆོས་དོན་ངེས་ཚིག་དང་། ། སྤོབས་པ་སོ་སོ་ཡང་དག་རིག ། གསུམ་ནི་གོ་རིམ་བཞིན་མིང་དང་། ། དོན་དང་ངག་ལ་ཐོགས་མེད་ཤེས། ། བཞི་པ་རིགས་པ་ཐགས་ཐོགས་མེད། ། མངོན་བརྗོད་ལམ་ལ་དབང་ཉིད་ལ། ། དེ་ཡི་དམིགས་པ་དག་དང་ལམ། ། ཤེས་པ་དགུའོ་ས་ཐམས་ཅད། ། ཡང་དག་དོན་རིག་བཅུའམ་དྲུག ། དེ་ནི་ཀུན་ན་གཞན་ཀུན་རྫོབ། ། ཆོས་རིག་འདོད་དང་བསམ་གཏན་ན། ། ངག་ནི་འདོད་དང་དང་པོ་ན། ། མ་ཚང་བར་ནི་དེ་ཐོབ་མེད། ། དྲུག་པོ་དེ་དག་རབ་མཐའ་བས། ། དེ་ནི་རྣམ་དྲུག་བསམ་གཏན་མཐའ། ། དེ་ནི་ས་ཀུན་གྱིས་མཐུན་བྱས། ། འཕེལ་བའི་རབ་ཏུ་ཕྱིན་པ་ཡིན། ། སངས་རྒྱས་ལས་གཞན་སྦྱོར་ལས་སྐྱེས། ། རྫུ་འཕྲུལ་རྣ་བ་ཡིད་དང་ནི། ། སྔོན་ཚེ་འཆི་འཕོ་སྐྱེ་བ་དང་། ། ཟད་ཤེས་མངོན་དུ་བྱ་བ་ཡི། ། མངོན་ཤེས་རྣམ་དྲུག་རྣམ་གྲོལ་བློ། ། བཞི་ནི་ཀུན་རྫོབ་ཤེས་པ་སྟེ། ། སེམས་ལ་ཤེས་པ་ལྔ་ཡིན་ནོ། ། ཟད་པའི་མངོན་ཤེས(ཤས)་སྟོབས་བཞིན་ནོ། ། ལྔ་ནི་བསམ་གཏན་བཞི་དག་ན། ། རང་དང་འོག་སའི་ཡུལ་ཅན་ཡིན། ། ཐོབ་བྱ་འདྲིས་པ་ཆགས་བྲལ་བས། ། གསུམ་པ་དྲན་པ་ཉེར་གཞག་གསུམ། ། དང་པོ་རྫུ་འཕྲུལ་རྣ་བ་མིག ། མིག་དང་རྣ་བའི་མངོན་ཤེས་ནི། ། ལུང་དུ་མ་བསྟན་ལྷག་རྣམས་དགེ ། གསུམ་ནི་རིག་པ་སྔོན་མཐའ་སོགས། ། མ་རིག་པ་ནི་ཟློག་ཕྱིར་རོ། ། མི་སློབ་ཐ་མ་གཉིས་ནི་དེའི། ། རྒྱུད་ལ་སྐྱེས་ཕྱིར་དེ་ཞེས་བྱ། ། སློབ་ལ་འདོད་དེ་མ་རིག་དང་། ། བཅས་རྒྱུད་ཕྱིར་ན་རིག་མ་བཤད། ། དང་པོ་གསུམ་པ་དྲུག་པ་ནི། ། ཆོ་འཕྲུལ་རྣམས་ཡིན་བསྟན་པ་མཆོག ། ་མི་འཁྲུལ་ཕྱིར་དང་ཕན་པ་དང་། ། ཡིད་འོང་འབྲས་ལ་སྦྱོར་བྱེད་ཕྱིར། ། རྫུ་འཕྲུལ་ཏིང་འཛིན་དེ་ལས་ནི། ། སྤྲུལ་དང་འགྲོ་བ་སྟོན་པ་ལ། ། ཡིད་མགྱོགས་འགྲོ་བ་གཞན་དག་ལ། ། ཕྱིན་བྱེད་མོས་པ་ལས་བྱུང་ཡང་། ། འདོད་པར་གཏོགས་པའི་སྤྲུལ་པ་ནི། ། ཕྱི་ཡི་སྐྱེ་མཆེད་བཞི་རྣམ་གཉིས། ། གཟུགས་གཏོགས་གཉིས་སྤྲུལ་སེམས་དག་གིས། ། དེ་དག་ཀྱང་ནི་བཅུ་བཞིའོ། ། བསམ་གཏན་འབྲས་གཉིས་ནས་ལྔའི་བར། ། རིམ་བཞིན་གོང་མ་ལས་སྐྱེས་མིན། ། དེ་རྙེད་བསམ་གཏན་བཞིན་དེ་ནི། ། དག་དང་རང་ལས་དེ་ལས་གཉིས། ། རང་གི་ས་པས་སྤྲུལ་པར་བྱེད། ། སྨྲར་འཇུག་པ་ནི་འོག་མས་ཀྱང་། ། སྟོན་མིན་སྤྲུལ་པ་པོ་དང་བཅས། ། བྱིན་གྱིས་བརླབས་ནས་གཞན་འཇུག་ཕྱིར། ། ཤི་བ་ལ་ཡང་བྱིན་རླབས་ཡོད། ། མི་བརྟན་ལ་མེད་གཞན་དག་མིན། ། དང་པོར་དུ་མས་གཅིག་ཡིན་ཏེ། ། བྱང་བར་གྱུར་ནས་ཟློག་པའོ། ། བསྒོམས་ལས་སྐྱེས་པ་ལུང་མ་བསྟན། ། སྐྱེ་བ་ལས་སྐྱེས་རྣམ་གསུམ་མོ། ། རྫུ་འཕྲུལ་གསང་སྔགས་སྨན་དག་དང་། ། ལས་ལས་སྐྱེ་དང་རྣམ་པ་ལྔ། ། ལྷ་ཡི་མིག་དང་རྣ་བ་ཡིན། ། བསམ་གཏན་ས་པའི་གཟུགས་དང་བ། ། རྟག་ཏུ་རྟེན་བཅས་མ་ཚང་མེད། ། ཐག་རིང་ཕྲ་སོགས་སྤྱོད་ཡུལ་ཅན། ། དགྲ་བཅོམ་བསེ་རུ་སྟོན་རྣམས་ཀྱིས། ། སྟོང་གཉིས་གསུམ་དང་གྲངས་མེད་མཐོང་། ། གཞན་ཡང་སྐྱེ་བས་ཐོབ་དེས་ནི། ། སྲིད་པ་བར་མ་མི་མཐོང་ངོ་། ། སེམས་ཤེས་དེ་ནི་རྣམ་གསུམ་གང་། ། རྟོག་དང་རིགས་སྔགས་ཀྱིས་བྱས་པའང་། ། དམྱལ་བ་པས་ནི་དང་པོ་ཤེས། ། མི་ལ་སྐྱེ་བས་ཐོབ་པ་མེད། ། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། ཡེ་ཤེས་བསྟན་པ་ཞེས་བྱ་བ་སྟེ་གནས་བདུན་པའོ། ། [སྙོམས་འཇུག་བསྟན་པ།]བསམ་གཏན་དག་ནི་རྣམ་གཉིས་བཞི། ། དེར་སྐྱེ་བ་དག་རབ་ཏུ་བཤད། ། སྙོམས་འཇུག་དགེ་བ་རྩེ་གཅིག་པ། ། རྗེས་འབྲང་བཅས་ན་ཕུང་པོ་ལྔ། ། དཔྱོད་དང་དགའ་དང་བདེ་དང་ལྡན། ། ཡན་ལག་སྔ་སྔ་སྤངས་པ་ཡི། ། དེ་བཞིན་གཟུགས་མེད་ཕུང་པོ་བཞི། ། འོག་མའི་ས་ལས་དབེན་ལས་སྐྱེས། ། ཉེར་བསྡོགས་གསུམ་དང་བཅས་པར་ནི། ། གཟུགས་ཀྱི་འདུ་ཤེས་བཤིག་ཅེས་བྱ། ། གཟུགས་མེད་པ(པོ)་ན་གཟུགས་མེད་དོ། ། གཟུགས་ནི་སེམས་ལས་སྐྱེ་བར་འགྱུར། ། རྣམ་ཤེས་མཐའ་ཡས་མཁའ་མཐའ་ཡས། ། ཅི་ཡང་མེད་ཅེས་བྱ་དེ་ལྟར། ། སྦྱོར་ཕྱིར་དམན་ཕྱིར་འདུ་ཤེས་མེད། ། འདུ་ཤེས་མེད་པའང་མ་ཡིན་ནོ། ། དེ་ལྟར་སྙོམས་འཇུག་དངོས་གཞིའི་རྫས། ། རྣམ་པ་བརྒྱད་བདུན་རྣམ་པ་གསུམ། ། རོ་མྱང་ལྡན་དང་དག་པ་དང་། ། ཟག་མེད་བརྒྱད་པ་རྣམ་པ་གཉིས། ། རོ་མྱང་མཚུངས་ལྡན་སྲེད་བཅས་སོ། ། འཇིག་རྟེན་པ་ཡི་དགེ་བ་ནི། ། དག་པ་དེ་ནི་དེས་མྱང་བྱ། ། ཟག་མེད་འཇིག་རྟེན་འདས་པའོ། ། དང་པོ་ལ་ལྔ་རྟོག་དཔྱོད་དང་། ། དགའ་དང་བདེ་དང་ཏིང་འཛིན་རྣམས། ། གཉིས་པ་ལ་ནི་ཡན་ལག་བཞི། ། རབ་དང་དང་ནི་དགའ་ལ་སོགས། ། གསུམ་པ་ལ་ལྔ་བཏང་སྙོམས་དང་། ། དྲན་དང་ཤེས་བཞིན་བདེ་དང་གནས། ། མཐའ་ན་བཞི་དྲན་བཏང་སྙོམས་དང་། ། བདེ་མིན་སྡུག་མིན་ཏིང་འཛིན་རྣམས། ། རྫས་སུ་བཅུ་གཅིག་དང་པོ་ན། ། ཤིན་ཏུ་སྦྱངས་པ་བདེ་བ་ཡིན། ། རབ་ཏུ་དང་བ་དད་པ་ཡིན། ། ལུང་རྣམ་གཉིས་ཕྱིར་དགའ་ཡིད་བདེ། ། ཉོན་མོངས་ཅན་ལ་དགའ་བདེ་དང་། ། རབ་དང་ཤེས་བཞིན་དྲན་པ་དང་། ། བཏང་སྙོམས་དྲན་པ་དག་པ་མེད། ། ཁ་ཅིག་ཤིན་ཏུ་སྦྱངས་བཏང་སྙོམས། ། སྐྱོན་བརྒྱད་ལས་ནི་གྲོལ་བའི་ཕྱིར། ། བཞི་པ་གཡོ་བ་མེད་པ་ཡིན། ། རྟོག་དང་དཔྱོད་དང་དབུགས་དག་དང་། ། བདེ་བ་ལ་སོགས་བཞི་ཡིན་ནོ། ། སྐྱེ་བའི་བསམ་གཏན་དག་ན་ནི། ། ཡིད་བདེ་བདེ་དང་བཏང་སྙོམས་དང་། ། བཏང་སྙོམས་ཡིད་བདེ་བདེ་བ་དང་། ། བཏང་སྙོམས་བཏང་སྙོམས་ཚོར་བ་ཡོད། ། གཉིས་པ་སོགས་ན་ལུས་མིག་དང་། ། རྣ་བའི་རྣམ་ཤེས་རྣམ་རིག་སློང་། ། གང་ཡིན་དེ་ནི་དང་པོར་གཏོགས། ། དེ་ལུང་མ་བསྟན་ཉོན་མོངས་མིན། ། དེ་དང་མི་ལྡན་འདོད་ཆགས་བྲལ། ། སྐྱེ་བ་ལས་ནི་དག་པ་འཐོབ། ། ཟག་མེད་འདོད་ཆགས་བྲལ་བ་ཡིས། ། ཉོན་མོངས་ཅན་ཉམས་སྐྱེ་བ་ཡིས། ། ཟག་པ་མེད་པའི་མཇུག་ཐོགས་སུ། ། ལྟག་འོག་གསུམ་པའི་བར་དགེ་བ། ། སྐྱེ་འོ་དག་པ་ལས་དེ་བཞིན། ། རང་གི་ས་པའི་ཉོན་མོངས་ཀྱང་། ། ཉོན་མོངས་ཅན་ལས་རང་དག་དང་། ། ཉོན་མོངས་འོག་མའི་དག་གཅིག་ཀྱང་། ། འཆི་འཕོའི་དག་ལས་ཉོན་མོངས་ཀུན། ། ཉོན་མོངས་ཅན་ལས་གོང་མ་མིན། ། དག་པ་ཉམས་པའི་ཆ་མཐུན་སོགས། ། རྣམ་བཞི་དེ་ནི་གོ་རིམ་བཞིན། ། ཉོན་མོངས་སྐྱེ་དང་རང་ས་དང་། ། གོང་དང་ཟག་མེད་རྗེས་མཐུན་པ། ། ཉམས་ཆ་མཐུན་སོགས་མཇུག་ཐོགས་སུ། ། གཉིས་དང་གསུམ(གསམ)་དང་གསུམ་དང་གཅིག ། ས་བརྒྱད་རྣམ་གཉིས་འབྲེལ་བ་དང་། ། གཅིག་རྒལ་སོང་ཞིང་འོངས་ནས་ནི། ། རིགས་མི་མཐུན་པ་གསུམ་པར་འགྲོ། ། ཐོད་རྒལ་གྱི་ནི་སྙོམས་འཇུག་ཡིན། ། བསམ་གཏན་གཟུགས་མེད་རང་དང་ནི། ། འོག་སའི་རྟེན་ཅན་འོག་དགོས་མེད། ། སྲིད་རྩེར་འཕགས་པའི་ཅི་ཡང་མེད། ། མངོན་སུམ་བྱས་ནས་ཟག(ཟེག)་པ་ཟད། ། སྲེད་བཅས་རང་གི་སྲེད་ལ་དམིགས། ། བསམ་གཏན་དགེ་ཡུལ་ཡོད་དགུ་ཡིན། ། གཟུགས་མེད་དངོས་གཞི་དགེ་རྣམས་ཀྱི། ། སྤྱོད་ཡུལ་ཟག་བཅས་འོག་མ་མིན། ། ཟག་པ་མེད་པས་ཉོན་མོངས་རྣམས། ། སྤོང་ངོ་ཉེར་བསྡོགས(བཟློག)་དག་པས་ཀྱང་། ། དེ་དག་ལ་ནི་ཉེར་བསྡོགས(བཟློག)་བརྒྱད། ། དག་པ་བདེ་མིན་སྡུག་བསྔལ་མིན། ། དང་པོ་འཕགས་པའང་ཁ་ཅིག་གསུམ། ། རྟོག་མེད་བསམ་གཏན་ཁྱད་པར་ཅན། ། རྣམ་གསུམ་བདེ་མིན་སྡུག་བསྔལ་མིན། ། དེ་ནི་ཚངས་ཆེན་འབྲས་བུ་ཅན། ། མན་ཆད་རྟོག་དཔྱོད་བཅས་པ་ཡི། ། ཏིང་འཛིན་ཡན་ཆད་གཉིས་ཀ་མེད། ། མཚན་མེད་ཞི་བའི་རྣམ་པ་དང་། ། སྟོང་ཉིད་བདག་མེད་སྟོང་ཉིད་དུ། ། འཇུག་པའོ་སྨོན་པ་མེད་པ་ནི། ། དེ་ལས་གཞན་བདེན་རྣམ་པ་དང་། ། དག་དང་དྲི་མ་མེད་དེ་དག ། དྲི་མེད་རྣམ་ཐར་སྒོ་གསུམ་མོ། ། སྟོང་ཉིད་སྟོང་ཉིད་ཅེས་ལ་སོགས། ། གཞན་ཡང་ཏིང་ངེ་འཛིན་གསུམ་མོ། ། གཉིས་ནི་སྟོང་དང་མི་རྟག་པར། ། མི་སློབ་པའི་ལ་དམིགས་པ་ཡིན། ། མཚན་མ་མེད་པ་མཚན་མེད་ནི། ། ཞི་བར་མ་བརྟཌ་ཟད་པ་ལ། ། ཟག་བཅས་མི་ནང་མི་གཡོ་ལ། ། ཉེར་བསྡོགས་བདུན་ནི་མ་གཏོགས་སོ། ། དགེ་བའི་བསམ་གཏན་དང་པོ་ནི། ། བདེ་འགྱུར་ཏིང་འཛིན་སྒོམ་པ་ཡིན། ། མིག་གི་མངོན་ཤེས་མཐོང་འགྱུར་འདོད། ། སྦྱོར་བ་ལས་བྱུང་བློ་དབྱེར་འགྱུར། ། རྡོ་རྗེ་ལྟ་བུའི་བསམ་གཏན་མཐའི། ། གང་ཡིན་དེ་ཟག་ཟད་འགྱུར་སྒོམ། ། ཚད་མེད་པ་ནི་བཞི་ཡིན་ནོ། ། གནོད་སེམས་ལ་སོགས་གཉེན་པོའི་ཕྱིར། ། ཞེ་སྡང་མེད་བྱམས་སྙིང་རྗེ་ཡང་། ། ཡིད་བདེ་བ་ནི་དགའ་བ་ཡིན། ། བཏང་སྙོམས་མ་ཆགས་རྣམ་པ་ནི། ། ཀྱེ་མ་བདེར་གྱུར་སྡུག་བསྔལ་དང་། ། དགར་གྱུར་སེམས་ཅན་རྣམས་སྙམ་པ། ། སྤྱོད་ཡུལ་འདོད་པའི་སེམས་ཅན་རྣམས། ། དགའ་བ་བསམ་གཏན་གཉིས་ན་ཡོད། ། གཞན་ནི་དྲུག་ན་ཁ་ཅིག་ལྔ། ། དེ་ཡིས་མི་སྤོང་མི་དག་གི ། ནང་དུ་སྐྱེད་དེ་ངེས་གསུམ་ལྡན། ། རྣམ་པར་ཐར་བརྒྱད་དང་པོ་གཉིས། ། མི་སྡུག་བསམ་གཏན་གཉིས་ན་ཡོད། ། གསུམ་པ་མཐའ་ན་དེ་མ་ཆགས། ། གཟུགས་མེད་མཉམ་གཞག་དགེ་རྣམས་སོ། ། འགོག་པའི་སྙོམས་པར་འཇུག་པའོ། ། ཕྲ་བ་ཕྲ་བའི་མཇུག་ཐོགས་སུ། ། རང་གི་དག་དང་འོག་མ་ཡི། ། འཕགས་པའི་སེམས་ཀྱིས་དེ་ལས་ལྡང་། ། དང་པོ་འདོད་གཏོགས་སྣང་ཡུལ་ཅན། ། གང་དག་གཟུགས་ཅན་མིན་དེ་དག ། སྤྱོད་ཡུལ་གོང་དང་རང་གི་སའི། ། སྡུག་བསྔལ་སོགས་དང་རྗེས་ཤེས་ཕྱོགས། ། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད། ། གཉིས་ནི་རྣམ་ཐར་དང་པོ་བཞིན། ། གཉིས་ནི་གཉིས་པ་བཞིན་དེ་གཞན། ། སྡུག་པའི་རྣམ་པར་ཐར་པ་བཞིན། ། ཟད་པར་བཅུའོ་བརྒྱད་མ་ཆགས། ། བསམ་གཏན་མཐའ་ན་སྤྱོད་ཡུལ་ནི། ། འདོད་པ་གཉིས་ནི་གཟུགས་མེད་དག ། སྤྱོད་ཡུལ་རང་གི་ཕུང་པོ་བཞི། ། འགོག་པ་བཤད་ཟིན་ལྷག་མ་ནི། ། འདོད་ཆགས་བྲལ་དང་སྦྱོར་བས་འཐོབ། ། གཟུགས་མེད་ཅེས་བྱ་ཁམས་གསུམ་གྱི། ། རྟེན་ཅན་ལྷག་མ་མི་ལས་སྐྱེ། ། ཁམས་གཉིས་དག་ཏུ་གཟུགས་མེད་པ། ། རྒྱུ་དང་ལས་ཀྱི་སྟོབས་ཀྱིས་སྐྱེ། ། གཟུགས་ཀྱི་ཁམས་སུ་བསམ་གཏན་རྣམས། ། དེ་དག་དང་ཆོས་ཉིད་ཀྱིས་ཀྱང་། ། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། ། ལུང་དང་རྟོགས་པའི་བདག་ཉིད་དོ། ། དེ་འཛིན་བྱེད་པ་སྨྲ་བྱེད་དང་། ། སྒྲུབ་པར་བྱེད་པ་ཁོ་ན་ཡིན། ། བདག་གིས་མངོན་པའི་ཆོས་འདི་ཕལ་ཆེར་ནི། ། ཁ་ཆེ་བྱེ་བྲག་སྨྲ་བའི་ཚུལ་གྲུབ་བཤད། ། ཉེས་པར་ཟིན་གང་དེ་འདིར་བདག་གི་ཉེས། ། དམ་ཆོས་ཚུལ་ལ་ཚད་མ་ཐུབ་རྣམས་ཡིན། ། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། སྙོམས་འཇུག་བསྟན་པ་ཞེས་བྱ་བ་སྟེ་གནས་བརྒྱད་པའོ། ། སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་། ། དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། ། དེ་ཉིད་མ་མཐོང་རང་གར་གྱུར་པ་ཡི། ། ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། ། རང་བྱུང་རང་བྱུང་བསྟན་པ་གཅེས་འཛིན་རྣམས། ། མཆོག་ཏུ་ཞིར་གཤེགས་འགྲོ་མགོན་མེད་པ་ན། ། འདོམས་མེད་ཡོན་ཏན་འཇོམས་པར་བྱེད་པ་ཡི། ། དྲི་མས་དགའ་མགུར་དེང་སང་འདི་ན་སྤྱོད། ། དེ་ལྟར་ཐུབ་པ་དག་གི་བསྟན་པ་ནི། ། ལྐོག་མར་སྲོག་ཕྱིན་འདྲ་དང་དྲི་མ་རྣམས། ། སྟོབས་དང་ལྡན་པའི་དུས་སུ་རིག་ནས་ནི། ། ཐར་པ་འདོད་པ་དག་གིས་བག་ཡོད་གྱིས། ། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་སློབ་དཔོན་ཤཱཀྱའི་དགེ་སློང་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །